འཁྲུངས་སྐར་བསུ་བའི་མེ་ཏོག་ཆུན་པོ།
___འཇའ་ཐང་འབྲོག་བུ།
རེ་འདོད་མེ་ཏོག་རྐང་གཅིག་ཐུགས་ལ་བཅང་ནས། །
གངས་དཀར་ལྷུན་པོའི་རྭ་བ་གོམ་པས་བརྒལ་དུས། །
དུས་བཞིར་ལྗང་མདོག་འཚེར་བའི་ཡུལ་གྲུ་ཞིག་ན། །
མ་འོངས་རྨི་ལམ་གསར་བའི་བདེ་དྲོད་གསོན་འདུག །
གཙུག་ལག་རིན་ཆེན་བསྲེག་ཟའི་ཞལ་དུ་ཤོར་ནས། །
དམར་སེར་མཚོན་མདངས་མཐིང་ཁའི་ཀློང་ན་ཐིམ་དུས། །
ཆོས་སྒྲ་ཆེན་པོ་འཛིན་མའི་ལྟོ་བར་བསྒྲགས་པས། །
ཉིན་བྱེད་གསར་བའི་འོད་སྣང་སླར་ཡང་རྒྱས་བྱུང་། །
ས་ཆེན་འོད་ཀྱིས་བཏེགས་པའི་ཡུལ་གྲུ་ཞིག་ནས། །
ཞི་བདེའི་བླ་གཡང་འབོད་པའི་རྒྱལ་རྔ་ཐོགས་ཏེ། །
སྟོང་ཁམས་སྲིད་པའི་རྩེ་ནས་དུང་ཆེན་དཀྲོལ་ཚེ། །
རིན་ཆེན་གསེར་གྱི་རྟགས་མ་ཁྱེད་ལ་མཛའ་སོང་། །
ལྷ་འདྲེ་ངོ་བོ་འདྲེས་པའི་དཀྱོག་མཚམས་ཤིག་ནས། །
མི་སྡུག་སྲིན་པོའི་གཡོ་འགུལ་རྗེན་པར་གཟིགས་ཏེ། །
འཇིགས་བྲལ་རྡོ་རྗེའི་བཀའ་ཡི་མེ་ཆར་ཞིག་གིས། །
མི་དང་འདྲེ་ཡི་རྒྱབ་འདུན་སོ་སོར་གཤགས་སོང་། །
ཤོག་སྒོར་དམར་པོའི་བམ་རོའི་ཁྲི་ལ་འགྱིང་བཞིན། །
ཁྲག་གི་ལག་པ་དམར་ནག་དགྲ་ལ་གཟེད་དུས། །
དོན་དམ་གཤིས་ལུགས་ཤིག་གི་སྒྲོན་མེ་སྤར་བས། །
ལྐོག་གྱུར་མགོ་གཉིས་ཅན་གྱི་ཕྱི་ནང་བཀྲལ་སོང་། །
ཆོས་བྱེད་རང་དབང་ཞིག་གི་ཁ་བྱང་འོག་ནས། །
ལོག་མིག་དམར་པོ་འདྲེ་ཡི་རྐང་རྗེས་འཐམ་དུས། །
དམངས་གཙོ་ལྟ་བ་གསར་བའི་གཤག་བཅོས་ཤིག་གིས། །
ཅོལ་ཆུང་མི་ལ་བཀྲ་ཤིས་བདེ་ལེགས་ཞུས་སོང་། །
རྟོག་བཏགས་ཞིང་ན་གསོན་པའི་ཞྭ་རིགས་མང་པོ། །
རྣམ་རྟོག་འཆིང་བའི་གཤེད་དུ་དབུ་ལ་གསོལ་དུས། །
ཨ་འཐས་ཕྱི་ཐག་ལྷོད་པའི་ཆོས་བྱེད་འབུམ་གྱི། །
མགོ་རྒྱན་མེ་ཏོག་འཛུམ་ཟེར་ཁྱོད་ལ་གུག་འདུག །
མུན་ནག་ཞིང་ནས་འཚར་བའི་སྙིང་ཆུང་གསོན་པོར། །
བདེན་དོན་གནས་ཚུལ་ངོ་མའི་བཞིན་རས་བསྟན་པས། །
སྣ་ཐགས་གདོན་གྱིས་བཟུང་བའི་བླ་སྲོག་མང་པོའི། །
དད་འདུན་ཕྱག་རྒྱའི་སྙིམ་པ་ཁྱེད་ལ་ཕྱོགས་སོང་། །
ཚུལ་གསུམ་རིགས་པ་རྒན་པོའི་མཚོན་ཆ་ངར་མ། །
གསར་སྐྱེས་ཚན་རྩལ་རིག་པའི་རྣོ་དང་བསྡེབས་པས། །
རྟག་པ་རང་བྱུང་སྨྲ་བའི་གཞུང་ལུགས་ཐེད་པོ། །
འཇིག་རྟེན་བྱེད་པོ་ལྷན་དུ་གཡང་སར་འགྲིམ་སོང་། །
བྱམས་བརྩེའི་འཛུམ་གྱིས་དྲོ་བའི་ཕྱག་རྒྱ་ཟུང་གཅིག །
སྟོང་ཁམས་ཟླུམ་པོའི་མཁའ་ནས་མཁའ་རུ་འཕུར་དུས། །
འཆིང་བའི་ཕྱི་ནང་གཏོར་བའི་དད་ལྡན་སློབ་འབངས། །
རྒྱ་མཚོའི་རྡུལ་གྱི་གྲངས་ལ་འདྲེན་བཞིན་འཕེལ་སོང་། །
༢༠༡༤/༧/༦སྐུའི་འཁྲུངས་སྐར་ཉིན་མགོན་པོ་གང་གི་མཛད་བཟང་རྗེས་དྲན་དུ་སྦྱར།
No comments:
Post a Comment