༼ནང་ཆོས་ཆེད་རྩོམ།༽
ཞི་ལྷག་གཉིས་ཐོག་མར་སྒོམ་ཚུལ་ལ་མཐུན་རྐྱེན་ཇི་ལྟ་བུར་ཞིག་ལ་བསྟེན་ནས་སྒོམ་ཚུལ་དང་སྤྱོད་ལམ་ཇི་ལྟ་བུས་སྒོམ་ཚུལ་རྣམ་པའམ་ངང་ཚུལ་ཇི་ལྟ་བུས་སྒོམ་ཚུལ་སྟེ་གསུམ་གྱིས་འཆད་པར་བྱེད་ལ། དང་པོ་མཐུན་རྐྱེན་ཇི་ལྟ་བུར་ཞིག་ལ་བསྟེན་ནས་སྒོམ་ཚུལ་ལ་མཐུན་རྐྱེན་དྲུག་སྟེ།
དང་པོར་ཞི་ལྷག་སྒྲུབ་པའི་ཡོན་ཏན་ལྔ་ དང་ལྡན་པའི་མཐུན་པའི་ཡུལ་ལ་བསྟེན་པ་སྟེ། མདོ་སྡེའི་རྒྱན་ལས།
བློ་ལྡན་གང་དུ་བསྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང༌། །ས་བཟང་བ་དང་གྲོགས་བཟང་དང༌།
།རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་གསུངས་པ་ལྟར་ཞི་གནས་གང་དུ་སྒྲུལ་པའི་ཡུལ་ནི་ཟས་གོས་ལ་སོགས་པ་རྙེད་སླ་བ་དང༌། ཆོམ་རྐུན་དགྲ་ཇག་སོགས་ཀྱིས་གནོད་པ་མེད་པའི་གནས་བཟང་བ་དང༌། ནད་ཡམས་མི་བསྐྱེད་པའི་ས་ཡིན་པས་ས་བཟང་བ་དང༌། ཆོས་མཐུན་གྱི་གྲོགས་དང་ལྡན་པས་གྲོགས་བཟང་བ་དང༌། ཉིན་མོ་སྐྱེ་བོ་མང་པོ་མེད་ ཅིང་མཚན་མོ་སྒྲ་ཆུང་བས་ལེགས་པར་ལྡན་པའོ། །མཐུན་རྐྱེན་གཉིས་པ་འདོད་པ་ཆུང་བ་ནི། ཟས་གོས་ལོངས་སྤྱོད་ལ་སོགས་པ་བཟང་པོའམ་མང་པོ་ལ་ལྷག་པར་ཆགས་པ་མེད་པ་བྱེད་པའོ། །མཐུན་རྐྱེན་གསུམ་པ་ཆོག་ཤེས་པ་ནི། ཟས་གོས་ལོངས་སྤྱོད་ལ་སོགས་པ་ངན་ངོན་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པ་བྱེད་པའོ། །མཐུན་རྐྱེན་བཞི་བ་བྱ་བ་མང་པོ་ཡོངས་སུ་སྤངས་པ་ནི། ཉོ་ཚོང་ལ་སོགས་པའི་བྱ་བ་བྱེད་པ་དང་སྐྱེ་བོ་མང་པོ་དང་འགྲོགས་འགྲུས་བྱེད་པ་དེ་བཞིན་རང་གི་སེམས་གཡེང་བའི་རྒྱུ་སོགས་ཡོངས་སུ་སྤངས་པའོ། །
མཐུན་རྐྱེན་ལྔ་བ་ཚུལ་ཁྲིམས་རྣམ་པར་དག་པ་ནི། སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་གཉིས་ཀ་ལ་རང་ བཞིན་དང་བཅས་པའི་ཁ་ན་མ་ཐོ་བའི་བསླབ་བྱའི་གཞི་དང་མི་འགལ་བ་དང་བག་མེད་པས་ཅུང་ཟད་འགལ་ཡང་ལམ་སེང་
ཆོས་བཞིན་དུ་ཕྱིར་འཆོས་པར་བྱེད་པའོ། །མཐུན་རྐྱེན་དྲུག་པ་འདོད་པ་ལ་སོགས་པའི་རྣམ་རྟོག་ཡོངས་སུ་སྤངས་པ་ནི།
འདོད་པའི་ཡོན་ཏན་རྣམས་ལ་གསོད་པ་དང་འཆིང་བ་ལ་སོགས་པའི་ཉེས་དམིགས་སེམས་ནས་སྒོམ་པའོ། །དེ་ལྟར་བཤད་
མ་ཐག་པ་ལྟར་ཞི་གནས་གྲུབ་པ་ལ་མཐུན་རྐྱེན་དྲུག་ལ་ངེས་པར་བསྟེན་དགོས་པ་ཡིན། སྤྱིར་ཞི་གནས་འདི་ཕྱི་ནང་ཐུན་མོང་ གི་ཉམས་ལེན་ནམ་ལམ་ཞིག་ཡིན་མོད་འོན་ཀྱང་ཞི་གནས་གོང་སའི་ཤེས་པ་ཡིན་པས་འདོད་པའི་ཡོན་ཏན་ལ་རྒྱབ་ཀྱིས་
ཕྱོགས་པ་ཞིག་མེད་ན་མི་སྐྱེ་བ་ཡིན་ལ།
ཞི་གནས་སྐྱེ་བའི་རྗེས་སུ་ཡང་མི་ཉམས་པའི་ཐབས་སུ་འདོད་ཡོན་ལ་ཆོག་ ཤེས་ཆུང་བར་བྱེད་དགོས་པར་སེམས་ཏེ།
ཕྱི་རོལ་པ་ལྷག་སྤྱོད་ཀྱིས་འདོད་པའི་ཞེ་སྡང་སྐྱེས་པས་བསམ་གཟུགས་བརྒྱད་ཀ་ ཉམས་པའི་ལོ་རྒྱུས་ལྟར་རོ།
། དེ་ལྟ་བུའི་ཆོས་དྲུག་ནི་ཏིང་ངེ་འཛིན་བཟང་པོ་གསར་དུ་སྐྱེ་བ་དང་སྐྱེས་ཟིན་པ་མི་ཉམས་པར་གནས་པ་དང་གོང་ནས་གོང་དུ་འཕེལ་བའི་རྒྱུ་རྐྱེན་གྱི་གནད་བསྡུས་པ་སྟེ། ཁྱད་པར་དུ་ཚུལ་ཁྲིམས་དག་པ་དང་འདོད་པ་ལ་ཉེས་དམིགས་སུ་བལྟ་བ་དང་
མཐུན་པའི་ཡུལ་ན་གནས་པ་གཙོ་བོ་ཡིན་པར་སྣང་སྟེ། དགེ་བཤེས་སྟོན་པའི་ཞལ་ནས། རང་ཅག་མན་ངག་ཁོ་ནས་ལན་སྙམ་
ཡིན་མན་ངག་ཁོ་ན་བཙལ་བས་ཏིང་ངེ་འཛིན་སྐྱེར་མི་འདོད་པ་དེ་ཚོགས་ལ་གནས་པ་མེད་པས་ལན་པ་ཡིན་གསུང་ཞིང་།
ཚོགས་ནི་སྔར་བཤད་པའི་མཐུན་རྐྱེན་ལེགས་ཚོགས་དྲུག་ལ་སོགས་པ་ཡིན་པར་བྱང་ཆུབ་ལམ་རིམ་ཆེན་མོར་གསལ་བོར་
འདུག དེ་ལྟར་བཤད་མ་ཐག་པའི་ཞི་གནས་ཀྱི་མཐུན་རྐྱེན་ལ་མ་བསྟེན་ན་ཞི་གནས་སྐྱེ་མི་སྲིད་པ་ཡིན་ཏེ།
མཉམ་མེད་ཇོ་བོ་ ཆེན་པོས་བྱང་ཆུབ་ལམ་སྒྲོན་ལས། ཞི་གནས་ཡན་ལག་རྣམས་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང༌།
།ལོ་ནི་ སྟོང་ཕྲག་དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། ཞེས་གསུངས་སོ། །
གཉིས་པ་སྤྱོད་ལམ་ཇི་འདྲ་བས་བསྒོམ་ཚུལ་ནི། སྒོམ་རིམ་བར་པ་དང་ཐ་མ་ལས་སྟན་ཤིན་ཏུ་འཇམ་པོ་ལ་ལུས་ཀྱི་ཀུན་སྤྱོད་ཆོས་བརྒྱད་དང་ལྡན་པའི་སྒོ་ནས་སྒོམ་དགོས་ པར་གསུངས་ལ། འདི་ལ་ཆོས་བརྒྱད་ལས། དང་པོ་རྐང་པ་ནི་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུ་སྐྱིལ་མོ་
ཀྲུང་ཡོངས་སུ་རྫོགས་པའམ་ཡང་ན་སྐྱིལ་ཀྲུང་ཕྱེད་པའང་རུང་བར་གསུངས། གཉིས་པ་མིག་ནི་ཧ་ཅང་ཡང་མི་དབྱེ་ཧ་ཅང་ ཡང་མི་ཟུམ་པར་སྣའི་རྩེ་མོར་གཏད་པའོ།
།།གསུམ་པ་ལུས་ནི་ཧ་ཅང་ཡང་རྒྱབ་ཏུ་མི་དགྱེ་ཧ་ཅང་ཡང་མདུན་དུ་མི་དགུ་བར་ དྲང་པོར་བསྲངས་བའོ།
།བཞི་བ་ཕྲག་པ་གཉིས་ནི་ཐད་ཀར་བཞག་པའོ། །ལྔ་བ་མགོ་ནི་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ ཏུ་མ་ཡོ་བར་སྣ་ནས་ལྟེ་བར་དྲང་པོར་བཞག་པའོ།
།དྲུག་པ་སོ་དང་མཆུ་ནི་རང་ལུགས་སུ་ཐ་མལ་པར་བཞག་པའོ། །བདུན་པ་ ལྕེ་ནི་ཡ་སོའི་དྲུང་དུ་སྦྱར་བའོ།
། བརྒྱད་པ་དབུགས་ནི་ཕྱི་ནང་དུ་ཕར་རྒྱུ་ཚུར་རྒྱུ་དལ་བུ་དལ་བུས་འབད་པ་མེད་པར་འཇུག་ པ་བྱེད་པའོ། ལུས་འདུག་ལུགས་དེ་ལྟར་སྡོད་དགོས་པའི་རྒྱུ་མཚན་ནི་ཉན་ལས་ལུས་ལེགས་པར་བསྒྲིམས་ན་སྤྱོད་ལམ་དེ་
ཤིན་ཏུ་སྦྱངས་པ་སྐྱེ་བ་དང་རྗེས་སུ་མཐུན་པས་མྱུར་བ་མྱུར་བར་ཤིན་ཏུ་སྦྱངས་པ་སྐྱེ་བ་དང༌། འདུག་པས་དུས་ཡུན་རིང་པོ་ འདའ་བར་བྱེད་ནུས་ཤིང་ལུས་ཤིན་ཏུ་ངལ་བར་མི་འགྱུར་བ་དང༌། སྤྱོད་ལམ་དེ་ཕྱི་རོལ་མུ་སྟེགས་པ་དག་དང་ཐུན་མོང་མ་
ཡིན་པ་དང༌། གཞན་གྱིས་སྤྱོད་ལམ་དེས་འདུག་པ་མཐོང་ན་ཤིན་ཏུ་དང་བ་སྐྱེ་བར་འགྱུར་བ་དང༌། སྤྱོད་ལམ་དེ་སངས་ རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་གནང་ཞིང་བསྟེན་པ་སྟེ་རྒྱུ་མཚན་ལྔ་གསུངས་ཤིང་། ལུས་དྲང་པོར་བསྲང་བ་ ནི་རྨུགས་པ་དང་གཉིད་མི་འབྱུང་བའི་དོན་དུ་གསུངས་སོ།
།དེས་ན་ཞི་གནས་ཐོག་མར་སྒྲུབ་སྐབས་ལུས་འདུག་ལུགས་དེ་ ཡང་གནད་ཤིན་ཏུ་ཆེ་བར་ཞིག་ཏུ་འདུག་པས་ངང་ཚུལ་དེ་ཡང་ལེགས་པར་ཤེས་དགོས་པར་སྣང་ངོ་།
།
རྣམ་པའམ་ངང་ཚུལ་ཇི་ལྟ་བུས་སྒོམ་ཚུལ་ནི། ཞི་གནས་ཐོག་མར་ཇི་ལྟར་སྒོམ་ཚུལ་དང་ལྷག་མཐོང་ཐོག་མར་ཇི་ལྟར་སྒོམ་ཚུལ་གཉིས་ཀྱིས་བཤད་པ་བྱ་བ་ཡིན་ལ། དང་ པོ་ནི་སེམས་དམིགས་པ་གཅིག་ལ་དམིགས་ཏེ་ཡིད་ཡུལ་གཞན་དུ་མ་གཡེང་བར་རང་གི་ནུས་པ་དང་བསྟུན་པའི་ཐུན་སྐྱོང་ དགོས་པ་ཡིན་ལ། ཐུན་ཡང་ཐོག་མར་རྒྱུན་རིང་པོར་མི་བྱེད་པར་ཡུན་ཐུང་ཞིང་གྲངས་མང་པོ་བྱེད་དགོས་པ་ཡིན།
དེ་ནི་ཞི་ གནས་སྒོམ་པ་ལ་སྐྱོ་སྣང་མི་འབྱུང་བ་དང་བྱིང་བ་མི་འབྱུང་པའི་ཕན་ཐོགས་ཆེ་བར་ཡོད། དང་པོ་ཉིད་ནས་ཐུན་ཧ་ཅང་རིང་ དྲགས་ན་ཞི་གནས་ཡུན་དུ་སྒོམ་པ་ལ་ངལ་བའི་སྐྱོན་འབྱུང་།
ལམ་རིམ་ཆེན་མོ་ལས། མལ་མཐོང་བ་ལ་སྐྱུག་ལོག་པར་འོང་ གསུངས་པ་ལྟར་ལགས། སྤྱིར་ཞི་གནས་ནི་ཕྱི་ནང་ཐུན་མོང་གི་ལམ་ཞིག་ཡིན་སྟབས་དམིགས་པ་ལ་ངེས་བཟུང་མེད་ཀྱང་
རང་ཅག་ནང་པ་རྣམས་ཀྱིས་ནི་སངས་རྒྱས་ཀྱི་སྐུ་འདྲ་དང་ཕྱག་མཚན་ས་བོན་སོགས་ཆོས་དང་འབྲེལ་བའི་ཡུལ་དག་ དམིགས་པ་བྱེད་པའི་སྲོལ་རྒྱུན་བཟང་པོ་ཡོད། དམིགས་པ་གང་ཡིན་དེ་རང་གིས་ཞི་གནས་སྒྲུབ་པའི་དམིགས་ཡུལ་དུ་ཐག་
བཅད་རྗེས་དེར་སེམས་གཞན་དུ་མ་གཡེང་བར་ཅི་ནུས་ཀྱིས་འཕྲོ་མཐུད་དེ་སྒོམ་དགོས་ཤིང་དམིགས་ཡུལ་བརྗེ་ལེན་མང་པོ་བྱ་མི་རུང་བ་ཡིན།
སྤྱིར་ཞི་གནས་སྒྲུབ་ཚུལ་ལ་དབུས་མཐའ་ལས་གསུངས་ཚུལ་གཅིག་དང་། ཀུན་བཏུས་དང་མདོ་སྡེ་རྒྱན་
ལས་གསུངས་ཚུལ་གཅིག་སྟེ་གཉིས་ཡོད་ཅིང་། དང་པོ་ནི། ཞི་གནས་སྒྲུབ་པའི་གོ་སའམ་ཉེས་པ་ལྔའི་གཉེན་པོར་སྤོང་བའི་
འདུ་བྱེད་བརྒྱད་བསྟེན་པའི་སྒོ་ནས་སྒྲུབ་ཀྱི་ཡོད། དེ་ཡང་དབུས་མཐའ་ལས།
ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། བརྟེན་པའི་རྒྱུ་ ལས་བྱུང་བའོ། །ཞེས་གསུངས།
ཉེས་པ་ལྔ་ནི། ཏིང་ངེ་འཛིན་སྒོམ་པའི་སྦྱོར་བའི་ཚེ་འགལ་རྐྱེན་ལེ་ལོ།
ཏིང་ངེ་འཛིན་སྒོམ་པ་ ལ་འཇུག་པའི་ཚེ་ཏིང་ངེ་འཛིན་སྒོམ་པའི་གདམས་ངག་བརྗེད་པ། དངོས་གཞིའི་སྐབས་བྱིང་རྒོད་བྱུང་བའི་ཚེ་གཉེན་པོ་འདུ་
མི་བྱེད་པ་དང་། བྱིང་རྒོད་དང་བྲལ་ནས་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཚེ་གཉེན་པོ་མངོན་པར་འདུ་བྱེད་པ་རྣམས་ཡིན་ཏེ།
དེ་ཉིད་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་།
།འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ ཉེས་པ་ལྔར་འདོད་དོ། །ཞེས་གསུངས་པའི་ཕྱིར།
སྤོང་བའི་འདུ་བྱེད་བརྒྱད་ནི། ཉེས་པ་དང་པོ་ལེ་ལོའི་གཉེན་པོར་སྤོང་བའི་ འདུ་བྱེད་བཞི།
ཉེས་པ་ཕྱི་མ་བཞིའི་གཉེན་པོ་འདུ་བྱེད་བཞི་སྟེ་བརྒྱད་ཡོད་ལ། འདུ་བྱེད་དང་པོ་བཞི་ནི་ཤིན་སྦྱངས།
བརྩོན་ འགྲུས། འདུན་པ། དད་པ་རྣམས་ཡིན་ཏེ། ཤིན་སྦྱངས་ཐོབ་པ་ན་ཏིང་ངེ་འཛིན་སྒོམ་པ་ལ་མི་སྤྲོ་བའི་ལེ་ལོ་ལྡོག་པར་འགྱུར་
བས་ལེ་ལོ་དེའི་གཉེན་པོ་ཤིན་སྦྱངས་སྐྱེ་དགོས་ཤིང་། ཤིན་སྦྱངས་དེ་སྐྱེ་བ་ལ་ཏིང་ངེ་འཛིན་སྒོམ་པའི་བརྩོན་འགྲུས་རྩོམ་
དགོས། བརྩོན་འགྲུས་ཡོང་བ་ལ་ཏིང་ངེ་འཛིན་ལ་དོན་གཉེར་གྱི་འདུན་པ་སྐྱེ་དགོས་ཤིང་། གཞི་དེ་དོན་དུ་གཉེར་བའི་འདུན་པ་
ཡོང་བ་ལ་གཞི་དེའི་ཡོན་ཏན་མ་མཐོང་ན་མི་འབྱུང་བས་ཏིང་ངེ་འཛིན་ལ་དོན་གཉེར་གྱི་འདུན་པ་སྐྱེ་བ་ལ་ཏིང་ངེ་འཛིན་གྱི་
ཡོན་ཏན་མཐོང་ནས་ཡིད་འཕྲོགས་པའི་དད་པ་དགོས་པས་ཉེས་པ་དང་པོ་ལེ་ལོའི་གཉེན་པོར་འདུ་བྱེད་དང་པོ་བཞི་བོ་དེ་ བཞག་པ་རེད། དེ་ནི་དབུས་མཐའ་ལས། གནས་དང་དེ་ལ་གནས་པ་དང་།
།རྒྱུ་དང་འབྲས་བུ་ཉིད་དུའོ། །ཞེས་པའི་དོན་ཡིན། དེ་ལ་གནས་ནི་འདུན་པ་སྟེ་རྩོལ་བའི་གནས།
དེ་ལ་གནས་པ་ནི་རྩོལ་བའམ་བརྩོན་འགྲུས་ཡིན། ། རྒྱུ་ནི་འདུན་པའི་རྒྱུ་སྟེ་དད་པ་དང་།
འབྲས་བུ་ནི་རྩོལ་བའི་འབྲས་བུ་སྟེ་ཤིན་སྦྱངས་སོ། །ཉེས་པ་ཕྱི་མ་བཞིའི་གཉེན་པོ་ནི། འདུ་བྱེད་དང་པོ་ཏིང་ངེ་འཛིན་སྒོམ་པའི་སྐབས་ཀྱི་གདམས་ངག་བརྗེད་པའི་ཉེས་པའི་གཉེན་པོ་ཏིང་ངེ་འཛིན་གྱི་དམིགས་པ་
རྣམས་མི་བརྗེད་པའི་དྲན་པ་དང་། འདུ་བྱེད་གཉིས་པ་བྱིང་རྒོད་ཀྱི་གཉེན་པོ་དེ་དག་འབྱུང་མི་འབྱུང་རྟོག་པའི་ཤེས་བཞིན།
འདུ་བྱེད་གསུམ་པ་བྱིང་རྒོད་འབྱུང་བའི་ཚེ་གཉེན་པོ་མངོན་པར་འདུ་མི་བྱེད་པའི་ཉེས་པའི་གཉེན་པོ་བྱིང་རྒོད་ཀྱི་གཉེན་པོ་
མངོན་པར་འདུ་བྱེད་པའི་སེམས་པ། འདུ་བྱེད་བཞི་བ་བྱིང་རྒོད་དང་བྲལ་བའི་སྐབས་གཉེན་པོ་མངོན་པར་འདུ་བྱེད་པའི་ཉེས་པའི་གཉེན་པོ་ཞི་བའི་ཚེ་སེམས་རྣལ་དུ་འཇོག་པའི་བཏང་སྙོམས་དང་བཞི་ཡིན།
དེ་ཡང་དབུས་མཐའ་ལས། དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་ པ་རྟོག་པ་དང་།
།དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འཇོག་པའོ། །ཞེས་པའི་དོན་ལགས་སོ། །
ཞི་གནས་སྒྲུབ་ཚུལ་ཀུན་བཏུས་དང་མདོ་སྡེ་རྒྱན་ལས་གསུངས་ཚུལ་ནི་སེམས་གནས་པའི་ཐབས་དགུ་ལ་བསྟེན་ནས་སྒྲུབ་པ་ཡིན་ལ།
ཐབས་དགུ་ནི། ཀུན་བཏུས་ལས། ཞི་གནས་གང་ཞེ་ན། འདི་ལྟ་སྟེ། ནང་ཉིད་དུ་འཇོག་པ་དང་།
རྒྱུན་དུ་འཇོག་པ་ དང་། བསླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། དུལ་བར་བྱེད་པ་དང་།
ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་ དང་། རྩེ་གཅིག་ཏུ་འཇོག་པ་དང་།
མཉམ་པར་འཇོག་པའོ། །ཞེས་གསུངས་པ་ལྟར་ཡིན། དེ་ལ་དང་པོ་ནང་ཉིད་དུ་འཇོག་པ་ ནི། གོང་དུ་བརྗོད་པ་ལྟར་ལྷ་སྐུ་ལ་སོགས་པ་ཆོས་མཐུན་གྱི་དམིགས་པ་གང་ཡང་རུང་བ་ལ་སེམས་གཏད་ནས་སྒོམ་པར་
བྱེད་པའི་ཏིང་ངེ་འཛིན་ཞིག་ལ་འཇོག་ལ། དེ་སྟོན་པ་ལ། མདོ་སྡེའི་རྒྱན་ལས།
དམིགས་པ་ལ་ནི་སེམས་གཏད་ནས། །ཞེས་ གསུངས། གཉིས་པ་རྒྱུན་དུ་འཇོག་པ་ནི།
དམིགས་པ་དེ་ཉིད་འཕྲོ་མཐུད་དེ་སྒོམ་པར་བྱེད་པའི་ཏིང་ངེ་འཛིན་ཞིག་ལ་འཇོག་ ལ།
དེ་སྟོན་པ་ལ། དེ་ཉིད་ལས། དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་གསུངས།
གསུམ་པ་བསླན་ཏེ་འཇོག་པ་ནི། སེམས་ སྔར་གྱི་དམིགས་པ་ལས་གཡེང་པའི་ཚེ་སླར་ཡང་སེམས་སྔར་གྱི་དམིགས་པ་ལ་གཏད་དེ་སྒོམ་པར་བྱེད་པའི་ཏིང་ངེ་འཛིན་
ཞིག་ལ་འཇོག་ལ། དེ་སྟོན་པ་ལ། དེ་ཉིད་ལས། རྣམ་གཡེང་མྱུར་དུ་རྟོགས་བྱས་ལ། །དེ་ལ་སླར་ནི་བསླན་པར་བྱ།
།ཞེས་ གསུངས། བཞི་པ་ཉེ་བར་འཇོག་པ་ནི།
དམིགས་པ་གོང་འཕེལ་དུ་བཏང་སྟེ་སྒོམ་པར་བྱེད་པའི་ཏིང་ངེ་འཛིན་ཞིག་ལ་འཇོག་ ལ།
དེ་སྟོན་པ་ལ། དེ་ཉིད་ལས། བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱ།
།ཞེས་གསུངས། ལྔ་པ་དུལ་ བར་བྱེད་པ་ནི། ཏིང་ངེ་འཛིན་སྒོམ་པའི་ཚེ།
བྱིང་བ་བྱུང་བ་ན་ཏིང་ངེ་འཛིན་གྱི་ཡོན་ཏན་བསམ་པའི་སྒོ་ནས་ཏིང་ངེ་འཛིན་སྒོམ་ པ་ལ་སྤྲོ་བ་བསྐྱེད་དེ།
སེམས་དམིགས་པ་ལ་འཛིན་པར་བྱེད་པའི་ཏིང་ངེ་འཛིན་ཞིག་ལ་འཇོག་ཅིང་། དེ་སྟོན་པ་ལ།
དེ་ཉིད་ ལས། དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་དུལ་ལོ། །ཞེས་གསུངས།
དྲུག་པ་ཞི་བར་བྱེད་པ་ནི། ཏིང་ ངེ་འཛིན་སྒོམ་པའི་ཚེ། རྒོད་པ་བྱུང་བ་ན་རྣམ་གཡེང་གི་ཉེས་དམིགས་བསམ་པའི་སྒོ་ནས་ཏིང་ངེ་འཛིན་སྒོམ་པ་ལ་མི་དགའ་
བ་ཞི་བར་བྱས་ཏེ། སེམས་དམིགས་པ་ལ་འཛིན་པར་བྱེད་པའི་ཏིང་ངེ་འཛིན་ཞིག་ལ་འཇོག
དེ་སྟོན་པ་ལ། དེ་ཉིད་ལས། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། དེ་ལ་མི་དགའ་ཞི་བར་བྱ།
།ཞེས་གསུངས། བདུན་པ། རྣམ་པར་ཞི་བར་བྱེད་པ་ནི།
ཏིང་ངེ་འཛིན་སྒོམ་པའི་ཚེ་ཆགས་སེམས་དང་ཡིད་མི་བདེ་བྱུང་ན་དེ་མ་ཐག་ཞི་བར་བྱས་ཏེ་སྒོམ་པར་བྱེད་པའི་ཏིང་ངེ་འཛིན་ཞིག་ལ་འཇོག་ལ།
དེ་སྟོན་པ་ལ། དེ་ཉིད་ལས། བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ།
།ཞེས་ གསུངས། བརྒྱད་པ་རྩེ་གཅིག་ཏུ་འཇོག་པ་ནི།
འབད་རྩོལ་དང་བཅས་པའི་སྒོ་ནས་སེམས་རང་གི་དམིགས་པ་ལ་ཇི་ལྟར་ འདོད་འདོད་དུ་བཀོལ་ཐུབ་པའི་ཏིང་ངེ་འཛིན་ཞིག་ལ་འཇོག་ལ།
དེ་སྟོན་པ་ལ། དེ་ཉིད་ལས། དེ་ནས་སྡོམ་བརྩོན་ཅན་གྱིས་ནི། སེམས་ལ་མངོན་པར་འདུ་བྱེད་བཅས།
།རང་གི་ངང་གིས་འབྱུང་བ་ཐོབ། །ཅེས་གསུངས། དགུ་པ། མཉམ་པར་འཇོག་པ་ནི།
འབད་མེད་ལྷུན་གྲུབ་ཏུ་སེམས་རང་གི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ཞིག་ལ་ བྱེད། དེ་སྟོན་པ་ལ། དེ་ཉིད་ལས།
དེ་གོམས་པ་ལས་འདུ་མི་བྱེད། །ཅེས་གསུངས། དེ་ལྟ་བུའི་སེམས་གནས་དགུ་པ་དེ་ལ་ འདོད་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཞེས་བྱ་ལ། དེ་ལྟ་བུའི་འབད་མེད་ལྷུན་གྲུབ་ཀྱི་ཏིང་འཛིན་བརྟན་པོ་དེ་སྒོམ་སྟོབས་
ཀྱིས་དྲངས་བའི་ཤིན་སྦྱངས་ཀྱི་བདེ་བས་ཟིན་པ་ན་ཞི་གནས་ཐོབ་པ་ཡིན་ནོ། ། དེས་ན་སེམས་གནས་པའི་ཐབས་དགུ་ལ་བརྟེན་ནས་སེམས་རང་གི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་མཉམ་པར་འཇོག་ནུས་པའི་ཤིན་སྦྱངས་ཀྱིས་ཟིན་པའི་ཏིང་ངེ་འཛིན་དེ་ཞི་གནས་ཀྱི་དོན་ཡིན། ཞི་གནས་ཞེས་བརྗོད་པའི་རྒྱུ་མཚན་ནི་སེམས་ ཕྱི་རོལ་གྱི་ཡུལ་ལ་འཕྲོ་བ་ཞི་ནས་ནང་དུ་དམིགས་པ་ལ་རྩེ་གཅིག་ཏུ་གནས་པས་ན་དེ་སྐད་ཅེས་བྱའོ།
། གཉིས་ལྷག་མཐོང་ཐོག་མར་སྒོམ་ཚུལ་ནི། རང་གི་སེམས་ཞི་གནས་ལ་གནས་བཞིན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡུལ་ལ་ཡང་ཡང་དཔྱོད་པར་བྱེད་དགོས།
དེས་ན་ལྷག་མཐོང་ཐོབ་པར་འདོད་པའི་གང་ཟག་གིས་ཐོག་མར་རང་རྒྱུད་ལ་ཞི་གནས་སྒྲུབ་པར་བྱེད་དགོས་པ་ཡིན་ལ།
ཞི་གནས་མེད་ན་སེམས་ཀྱི་གནས་ཆ་དང་བྲལ་བས་ལྷག་མཐོང་སྒྲུབ་ཏུ་མེད་པ་ཡིན། དེས་ན་ལྷག་མཐོང་ཐོག་མར་སྒྲུབ་པ་ ལ་དཔྱད་འཇོག་ཟུང་འབྲེལ་དུ་སྒོམ་དགོས་པ་ཡིན། སྒོམ་པའི་གནས་པ་རྒྱ་མཚོ་ལྟ་བུ་དང་དཔྱོད་པའི་མྱུར་ཆ་རྒྱ་མཚོའི་ཉ་
འཕྱོ་བ་ལྟ་བུར་རང་གི་དམིགས་པ་ལ་རྩེ་གཅིག་ཏུ་སྒོམ་པས་དཔྱད་པ་ལ་མི་གནོད་ཅིང་དཔྱོད་པའི་སྐབས་གནས་ཆ་ལ་མི་ གནོད་པར་རྒྱ་མཚོའི་ནང་དུ་ཉ་ཆུང་རྒྱ་མཚོ་གཡོ་བ་མེད་བཞིན་དུ་གང་དགར་འཁྱུག་པ་ལྟ་བུ་ཞིག་ཏུ་སྒོམ་ཨེ་ཐུབ་བལྟ་དགོས་པ་ཡིན། ཞི་གནས་གྲུབ་ཀྱང་རང་གི་དམིགས་པ་ལ་དཔྱད་སྟོབས་ཀྱིས་དྲངས་བའི་ལུས་སེམས་ཤིན་སྦྱངས་མེད་པས་ལྷག་
མཐོང་ཐོག་མར་སྒྲུབ་སྐབས་དཔྱོད་དྲགས་ན་གནས་པ་ལས་ཉམས་ཤིང་གནས་ཆ་གཙོ་འཛིན་བྱེད་སྐབས་ཞི་གནས་ཀྱི་ངང་དུ་ཕྱིན་ཏེ་དཔྱད་སྟོབས་ཉམས་པར་འགྱུར་བའི་དཀའ་ངལ་ཡོད།
ཞི་གནས་ཐོག་མར་སྒྲུབ་སྐབས་བྱིང་ཟོན་རྒོད་ཟོན་གྱི་སྒོ་ནས་སྒོམ་པ་ལྟར་དཔྱད་འཇོག་ཟུང་འབྲེལ་གྱི་སྒོ་ནས་སྒོམ་དགོས་པ་ཡིན།
ནམ་ཞིག་དཔྱད་སྟོབས་ཀྱི་དྲངས་པའི་ཤིན་སྦྱངས་ཐོབ་པ་ན་ལྷག་མཐོང་ཐོབ་པ་ཡིན་ནོ། །དེས་ན་ཞི་གནས་ཀྱི་ངང་ནས་
རང་གི་དམིགས་པ་ལ་དཔྱད་སྟོབས་ཀྱིས་དྲངས་པའི་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་སྒོ་ནས་རང་ཡུལ་ལ་སོ་སོར་དཔྱོད་
པར་བྱེད་པའི་ཤེས་རབ། ལྷག་མཐོང་གི་དོན་ཡིན། ལྷག་མཐོང་ཞེས་བརྗོད་པའི་རྒྱུ་མཚན་ནི།
ལྷག་པ་སྟེ་ཁྱད་པར་གྱི་དོན་ མཐོང་བས་ན་དེ་སྐད་ཅེས་བྱའོ། །
ཞི་ལྷག་གཉིས་དང་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀྱི་དབར་འབྲེལ་བ་ཇི་ལྟར་ཡོད་ཚུལ་ནི། སྤྱིར་དཔྱད་སྒོམ་ཞེས་པ་ ཡུལ་ལ་དཔྱོད་པར་བྱེད་པའི་སྐབས་ཀྱི་བློ་ཞིག་ཡིན་ལ་དེ་ལ་ཞི་གནས་སོགས་ཀྱི་ཆ་རྐྱེན་གང་ཡང་མི་དགོས་པ་ཡིན། སོ་ སོས་སློབ་སྦྱོང་གི་ཕྱོགས་ལ་དཔྱོད་པ་བྱེད་པ་སོགས་དཔྱད་སྒོམ་དུ་འཇོག་ཆོག འོན་ཀྱང་འཇོག་སྒོམ་ཞེས་པ་ནི་དེ་ལྟར་མིན་ པར་དམིགས་ཡུལ་ངེས་ཅན་ཞིག་ལ་སེམས་གནས་པར་བྱེད་པ་ལ་ཟེར། ཞི་གནས་ནི་འཇོག་སྒོམ་གྱི་ཁུངས་གཏོགས་དང་ ལྷག་མཐོང་ནི་དཔྱད་སྒོམ་གྱི་ཁུངས་གཏོགས་ཡིན། འོན་ཀྱང་ལྷག་མཐོང་ནི་དཔྱད་སྒོམ་གཅིག་པུ་མིན་པར་ཞི་གནས་ཕན་
གྲོགས་སུ་ངེས་པར་དགོས་པ་ཡིན། རང་ཡུལ་ལ་སོ་སོར་དཔྱོད་པའི་ཆ་ནས་དཔྱད་སྒོམ་དང་།
ཡིད་གཞན་དུ་མ་གཡེང་བར་ དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཆ་ནས་འཇོག་སྒོམ་ཟེར། དེ་གཉིས་ཟུང་འབྲེལ་གྱི་སྒོ་ནས་སྒོམ་པ་ལ་དཔྱད་འཇོག་
ཟུང་འབྲེལ་དང་ཞི་ལྷག་ཟུང་འབྲེལ་ཟེར་བ་ཡིན་ནོ།། །།
བཀྲ་ཤིས་བདེ་ལེགས།
No comments:
Post a Comment