7.19.2014

བརྡ་སྤྲོད་རིགས་པའི་ཆེད་རྩོམ།



༼ལོ་རིམ་གསུམ་པའི་བརྡ་སྤྲོད་རིག་པའི་ཆེད་རྩོམ།༽
སྤྱིར་སུམ་རྟགས་ཀྱི་གཞུང་འདི་དང་སྨྲ་སྒོའི་གཞུང་འདི་གཉིས་ཡི་གེ་ལ་རྟགས་ཀྱིས་ཁྱད་པར་འབྱེད་པ་དང་ཕྲད་ཀྱི་འཇུག་པ་བཤད་པ་སོགས་བསྟན་བྱ་གཅིག་པས་ཕན་ཚུན་འབྲེལ་ཆེན་པོ་ཡོད་པ་ཡིན། འོན་ཀྱང་སྨྲ་སྒོའི་གཞུང་ལས་ཡི་གེའི་རྟགས་བཤད་པའི་སྐབས་རྒྱ་གར་གྱི་ཡི་གེ་གཞིར་བཞག་གིས་དབྱངས་དང་གསལ་བྱེད་སྲོག་ཆེན་དང་སྲོག་མེད་བཅས་ཀྱི་རྣམ་བཞག་མཛད་པས་ཐུན་མིན་བོད་ཀྱི་སྐད་བརྡ་རིག་པའི་གཞུང་ལུགས་ལ་དེ་ཙམ་མི་མཁོ་བའི་རྣམ་བཞག་ཀྱང་གཞུང་འདིའི་རྩོམ་ལུས་ཀྱི་ཆ་ཤས་མི་ཆུང་བ་འཛིན་འདུག    དེ་ལྟར་ཡི་གེའི་རྟགས་ཀྱི་དབྱེ་བ་རྒྱ་གར་གྱི་ཡི་གེ་གཞིར་བཞག་གིས་བྱས་པས་ཡི་གེའི་སྐྱེ་གནས་ ཀྱང་རྒྱ་གར་གྱི་ཡི་གེ་གཞིར་བཟང་གིས་མཛད་ཡོད།       སྤྱིར་སྨྲ་སྒོའི་གཞུང་འདི་ཉིད་རྩོམ་པ་པོ་ནི་རྒྱ་གར་ གྱི་པཎ་ཆེན་དྲན་པ་ཡེ་ཤེས་གྲགས་ཞེས་པ་ལེགས་སྦྱར་དང་བོད་ཀྱི་སྐད་ཡིག་གཉིས་ཀ་ལ་མཁས་པའི་རྒྱ་གར་གྱི་པཎ་ཆེན་ཞིག་ཡིན་ལ་ཁོང་གིས་སྨྲ་སྒོ་བརྩམས་ཟིན་པའི་དུས་སྐབས་དེ་ནས་བཟུང་རང་ཅག་གངས་་་ཅན་པའི་ཁྲོད་དུ་གཞུང་འདི་ཉིད་ཀྱི་འཆད་ཉན་ཡང་རྒྱ་ཆེར་རྒྱས། 
དེ་ལྟར་དམ་པ་ཁོང་ནི་སྐད་ཡིག་གཉིས་ ཀ་ལ་མཁས་པའི་པཎ་ཆེན་ཞིག་སོང་ཙང་སྐད་ཡིག་གཉིས་ཀའི་ཐད་ནས་ཞིབ་འཇུག་དང་ལྷག་པར་གཞུང་་་་་འདི་ཉིད་བོད་ཀྱི་སྐད་ཡིག་ལ་དམིགས་ནས་བརྩམས་པ་ཞིག་ཡིན་དུས་བོད་ཀྱི་ཐུན་མིན་སྐད་བརྡ་དང་སྒོ་་་་་་་བསྟུན་གང་ཐུབ་བྱས་ཡོད་པར་གདོན་མི་ཟ་ཡང་།    གོང་དུ་བཤད་པ་ལྟར་གཞུང་འདི་ཉིད་ཀྱི་ཆ་ཤས་མི་ཆུང་ བ་ཞིག་ལེགས་སྦྱར་སྐད་ཡིག་གཞིར་བཞག་གིས་བཟུང་ཡོད་པ་ནི་རྩོམ་པ་པོའི་མཁས་པའི་རང་ཉམས་དང་་་་་་ལེགས་སྦྱར་བོད་བསྒྱུར་ལ་ཕན་ཆེད་བྱས་པ་ཞིག་ལོས་ཡིན་སྙམ་སྟེ།       གཞུང་འདི་ཉིད་བརྩམས་ཟིན་པའི་ སྐབས་དེ་དག་ནས་དུས་ཡུན་རིང་བོ་ཞིག་གི་རིང་ལེགས་སྦྱར་གྱི་ཆོས་གཞུང་བོད་བསྒྱུར་བྱེད་པ་སོགས་ཀྱི་་་ཚེ་ཁུངས་གཏུགས་ས་གཙོ་བོ་གཞུང་འདི་ཉིད་ལ་བྱས་པར་གྲགས་པས་སོ། །                                                                                གང་ལྟར་སུམ་རྟགས་ཀྱི་གཞུང་གཉིས་པོ་འདི་ནི་བོད་རང་གི་ཐུན་མོང་ མ་ཡིན་པའི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཤིག་ཡིན་སྟབས་ལེགས་སྦྱར་གྱི་དབྱངས་དང་གསལ་བྱེད་ཀྱི་རྣམ་བཞག་སོགས་སྨྲ་སྒོ་ནས་བཤད་པ་ལྟར་གྱི་རྣམ་བཞག་དེ་དག་མེད་ལ་སྲོག་ཆེན་སྲོག་མེད་སོགས་ཀྱི་དབྱེ་བ་ཡང་བོད་བརྡ་ལ་དེ་ཙམ་མི་མཁོ་བས་བརྗོད་གཞི་དེའི་སྟེང་ནས་སྨྲ་སྒོ་དང་མ་འབྲེལ་པའམ་ཐུན་མོང་མ་་་་་ཡིན་པ་ཞིག་ཡིན།
                     གཞན་ཡང་སྨྲ་སྒོར། དྲང་པོ་བསྒྲེང་དང་བཀུག་པ་དང་། །བསྟོད་པ་དང་ནི་སྨད་པ་དང་། ། བསྒྲིམས་དང་ཀློད་པའི་ང་རོ་འབྱུང་།     །ཞེས་གནས་དང་བྱེད་པ་ཕྲད་པ་ལས་དབྱངས་ཀྱི་རྩ་བ་བདུན་འབྱུང་ བ་བསྟན་པ་དང་བདུན་པོ་དེ་དག་རེ་རེ་ལ་ཡང་གསལ་བྱེད་བཅོ་བརྒྱད་དང་བཅུ་གཉིས་སུ་འགྱུར་བ་བསྟན་པ་དང་། དྲང་པོ་བཀུག་དང་སྨད་པ་དང་། །བསྒྲིམས་པ་དང་ནི་ཀློད་པ་ལ། །གྲྭར་དང་ཙྭང་གིས་ཕྱེ་བ་དང་། ། ཞེས་སོགས་དབྱངས་ལ་རིང་ཐུང་གི་རྣམ་བཞག་བསྟན་པ་རྣམས་སུམ་རྟགས་གཉིས་དང་ཐུན་མོང་བ་མ་ཡིན་ལ། ཡང་སྨྲ་སྒོར། མཚོན་འདེབས་གར་དང་ལས་བྱེད་དང་། །སྟབས་འགྲོས་ལྟ་སྟངས་བྱེ་བྲག་དང་། རྐང་ལག་མིག་གི་འགྱུར་བག་གིས། །ལུས་ཀྱི་འདུ་བྱེད་བདུན་པོ་ནི། །ཐད་ཀར་ལྟ་དང་གྱེན་དུ་ལྟ། །དེ་བཞིན་བཟློག་སྟེ་ལྟ་བ་དང་། །བསྟོད་དེ་ལྟ་དང་སྨད་དེ་ལྟ། །བསྒྲིམས་དང་ཀློད་དེ་ལྟ་བ་ལྟར། །གང་ལ་སོགས་པའང་དེ་བཞིན་ཏེ། །ལུས་ཀྱི་འདུ་བྱེད་བདུན་པོ་ལྟར། །ངག་གི་འདུ་བྱེད་དེ་བཞིན་ནོ། །ཞེས་སོགས་ལུས་ཀྱིས་མཚོན་འདེབས་པ་དང་། གར་བྱེད་པ། ལས་བྱེད་པ། འགྲོ་སྟངས། ལྟ་སྟངས་ཏེ་ལུས་ཀྱི་འདུ་བྱེད་དག་སྟོན་སྐབས་མིག་གིས་ཐད་ཀར་ལྟ་བ་དང་གྱེན་དུ་ལྟ་བ་སོགས་ལྟ་སྟངས་བདུན་དང་རྐང་པས་གོམ་པ་ཐད་ཀར་མདུན་དུ་སྤོ་བ་སོགས་གོམ་པ་རྒྱག་སྟངས་བདུན་ཡོད་པ་ལྟར་ངག་གི་འདུ་བྱེད་ཀྱང་དེ་དང་མཚུངས་པ་དྲང་པོར་དྲངས་པ་སོགས་བདུན་དུ་ཡོད་པ་བསྟན་པ་དང་། དབྱིབས་ཀྱི་གནས་ལུགས་ཀྱང་མདའ་བཞག་པ་དང་། བསེ་རུའི་རྭ། གླང་ཆེན་གྱི་སྣ། གདུགས། རྐང་རྟེན། མེ་རི།    ཆུའི་དཀྱིལ་འཁོར་དག་གིས་སྐད་ཀྱི་གདངས་དག་ཇི་བཞིན་མཚོན་ནུས་པ་བཤད་པ་བཅས་ནི་སུམ་ རྟགས་ཀྱི་གཞུང་ན་མེད་པའི་བརྗོད་དོན་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་སུམ་ཅུ་པའི་སྐབས་དང་འབྲེལ་བ་གང་ཡང་མེད་དོ། །དེ་བཞིན་དུ་གཞི་ཡི་རྒྱུ་དང་། འབྱིན་པར་བྱེད་པའི་རྒྱུ། བསྐུལ་བའི་རྒྱུ། བསྐྱོད་པའི་རྒྱུ། ལྷན་ཅིག་འབྱུང་བའི་རྒྱུ། ཀུན་ཏུ་ཁྱབ་པར་འགྲོ་བའི་རྒྱུ། སྐལ་བ་མཉམ་པའི་རྒྱུ་སྟེ་ངག་གི་རྒྱུ་བདུན་བཤད་པ་ བཅས་ནི་སུམ་རྟགས་གཉིས་ལས་མ་བཤད་པའི་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས་སུམ་རྟགས་གཉིས་ཀྱི་གཞུང་གང་དང་ཡང་འབྲེལ་བ་མེད།
དེ་དག་ལས་ཡི་གེའི་སྐྱེ་གནས་ཀྱི་རྣམ་བཞག་འདི་མཁས་པ་ཆེན་པོ་སི་ཏུ་པཎ་ཆེན་མཆོག་གི་སུམ་ཅུ་པའི་མཇུག་ཏུ་ཟུར་ཙམ་བྲིས་པ་མ་གཏོགས་སུམ་རྟགས་ཀྱི་རྩ་བ་དང་དེའི་འགྲེལ་བ་སུམ་རྟགས་ཀྱི་གཞུང་ཕལ་མོ་ཆེར་རྣམ་བཞག་དེ་མི་འབྱུང་ལ།      གོང་དུ་བཤད་པ་ལྟར་སྨྲ་སྒོས་ཡི་གེའི་སྐྱེ་གནས་བཤད་པ་འདི་རྒྱ་གར་གྱི་ ཡི་གེའི་སྐྱེ་གནས་བསྟན་པ་ཙམ་དུ་ཟད་མོད།     བོད་ཡིག་ལའང་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་པོའི་ སྐྱེ་གནས་ཀྱི་རྣམ་བཞག་ཡོད་པས་ཡི་གེའི་སྐྱེ་གནས་བསྟན་པ་ཙམ་གྱི་སྐབས་དང་སྦྱར་ཏེ་བརྗོད་དོན་དེའི་སྒོ་ནས་དཔྱད་ཀྱང་སྨྲ་སྒོ་འདི་ཉིད་སུམ་རྟགས་ཀྱི་གཞུང་དང་མ་འབྲེལ་པའམ་གཞུང་དེ་གཉིས་ལས་མ་བཤད་་་་་་པའི་བརྗོད་དོན་ཐེག་པ་ཞིག་བསྟན་པས་སུམ་རྟགས་ཀྱི་གཞུང་གཉིས་དང་ཐུན་མོང་མ་ཡིན་པ་ཞིག་ཡིན་ནོ། །
                               དེ་བཞིན་དུ་ཡི་གེ་འགྲུབ་པའི་ལྡང་ཚད་དང་།   འདྲེན་པའི་ཆའི་བྱེ་བྲག    ཡི་ གེའི་ངེས་ཚིག་སོགས་ཡི་གེའི་རྣམ་བཞག་དང་།   མིང་ལ་ཡང་དངོས་མིང་དང་བརྟགས་མིང་།   འདོད་རྒྱལ་ དང་རྗེས་གྲུབ་སོགས་མིང་གི་རྣམ་བཞག    གཞན་ཡང་ཚིག་གི་ངོ་བོ་དང་དབྱེ་བ།  ཚིག་སྡུད་ཀྱི་རྣམ་བཞག་ སོགས།       མདོར་ན་སྨྲ་སྒོའི་གཞུང་ལས་མིང་ཚིག་ཡི་གེ་གསུམ་གྱི་ངོ་བོ་དང་དབྱེ་བ་སོགས་ཀྱི་སྒོ་ནས་དེ་ གསུམ་གྱི་རྣམ་བཞག་རྒྱས་པར་བསྟན་པ་རྣམས་སུམ་རྟགས་ཀྱི་གཞུང་འདི་གཉིས་ལས་མ་བསྟན་པའི་ཐུན་ མོང་མ་ཡིན་པ་ཞིག་ཡིན་ཞིང་བརྗོད་དོན་དེའི་སྒོ་ནས་སུམ་རྟགས་ཀྱི་གཞུང་གཉིས་དང་འབྲེལ་བ་ཅི་ཡང་མེད།
                  གོང་དུ་བཤད་པ་ལྟར་སྨྲ་སྒོའི་གཞུང་ནས་བསྟན་པའི་བརྗོད་དོན་འགའ་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་ལ་མི་མཁོ་བས་བོད་ཀྱི་ཐུན་མིན་བརྡ་སྤྲོད་ཀྱི་མ་ཕྱི་སུམ་རྟགས་ཀྱི་གཞུང་ལས་མི་འབྱུང་བའི་རྒྱུ་མཚན་ཡང་དེ་ལྟར་རེད།   འོན་ཀྱང་བོད་བརྡ་སྤྲོད་ཀྱི་མ་ཕྱིར་གྱུར་བའི་སུམ་རྟགས་གཉིས་ཀྱི་གཞུང་ན་མེད་ཅིང་རང་ གི་སྐད་ཡིག་ལ་མེད་དུ་མི་རུང་བའི་དོན་ཚན་ནི་མང་པོ་ཞིག་ཀྱང་ལུས་འདུག ངང་ཚུལ་འདི་ལ་བསམ་ན་སློབ་དཔོན་ཐོན་མིས་བོད་ཡིག་གསར་བཟོ་བྱས་རྗེས་བོད་ཀྱི་སྐད་བརྡ་རིག་པ་ལ་་ཉེ་བར་མཁོ་བའི་བསྟན་བཅོས་བརྒྱད་མཛད་ཀྱང་དུས་ཀྱི་དབང་གིས་སྟོང་བའི་དབྱིངས་སུ་ཐིམ་སོང་བར་་་་་་་གྲགས་པ་འདི་ལ་ཡང་ངེས་པ་ཞིག་རང་ཤུགས་ཀྱི་འདྲེན་ཡོང་གི་འདུག     དེ་དག་ནི་རང་བློས་གང་དཔོག་གིས་སྨྲ་སྒོའི་གཞུང་དང་སུམ་རྟགས་ཀྱི་གཞུང་བཅས་ཀྱི་དབར་ལྷགས་པའི་་་་བར་སྟོང་ངམ་ཁྱད་པར་དེ་བླངས་བ་ཙམ་ཡིན།  
འོ་ན་སྨྲ་སྒོའི་གཞུང་ལུགས་དང་སུམ་རྟགས་ཀྱི་གཞུང་བཅས་ཀྱི་དབར་ཡང་སྙིང་འབྲེལ་བ་ཞིག་གཏན་ནས་་་་མེད་པ་ཞིག་ཡིན་ནམ་ཞེ་ན་དེ་ཡང་མ་ཡིན་ཏེ།        སྨྲ་སྒོས་ཕྱོགས་མང་པོ་ཞིག་ནས་སུམ་རྟགས་གཞུང་དུ་ བསྟན་པའི་བརྗོད་དོན་ནས་བཤད་ཀྱི་ཡོད་ལ་རང་ལུགས་འཛིན་མཚམས་གཅིག་ཏུ་སོང་བའང་ཤིན་ཏུ་མང་། འོན་ཀྱང་སྨྲ་སྒོའི་སྐབས་འགའ་ཞིག་ཏུ་སུམ་རྟགས་ཀྱི་གཞུང་གི་དགོངས་པ་དང་མི་མཐུན་པའང་དུ་མ་ཡོད་པ་སྟེ།    དཔེར་ན་མུ་ཏིག་ཕྲེང་མཛེས་ལས།    སྨྲ་སྒོ་རྩ་འགྲེལ་དང་སྨྲ་བ་ཀུན་ལ་འཇུག་པའི་སྒྲའི་བསྟན་བཅོས་ རྩ་འགྲེལ་འདི་རྣམས་ལའང་མི་འཐད་པ་ཤིན་ཏུ་མང་ཞིང་མཁས་པ་གཞན་གྱིས་གནོད་བྱེད་བརྗོད་པ་གནད་དུ་སོང་བའང་མང་བར་སྣང་ཞེས་དང་།   ཞེས་དང་དེའི་མཇུག་ཏུ།   འོན་ཀྱང་སུམ་ཅུ་པའི་སྐབས་སུ་འགའ་ཞིག་ དྲངས་པ་སོགས་གཞུང་འདིའི་དོན་དང་སྐབས་འགར་མཐུན་པའི་ལེགས་བཤད་མང་དག་ཀྱང་འདུག་པས་རྣམ་པ་ཀུན་ཏུ་འདོར་བྱ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་ནོ། །འོན་ཀྱང་མུ་ཏིག་ཕྲེང་མཛེས་དུ། འཕགས་ ཡུལ་མཁས་པའི་ལེགས་བཤད་ནི་མིན་པར་ངེས་མོད།    ཞེས་སྨྲ་སྒོ་མཚོན་ཆ་སོགས་འཕགས་ཡུལ་མཁས་ པའི་ལེགས་བཤད་མིན་པར་གསུངས་པ་ནི་བརྟག་པར་བྱ་བའི་གནས་སུ་འདུག
སྨྲ་སྒོས་ཡི་གེའི་རྣམ་བཞག་བཤད་པའི་སྐབས།     ཡི་གེ་ལ་ངོ་བོའི་ཆ་ནས་དབྱངས་དང་གསལ་བྱེད་ཀྱི་རྣམ་ བཞག་དང་།         དེ་དག་གི་སྒྲ་བརྗོད་པའི་ཚེ་སྒྲ་གདངས་དྲག་ཞན་དང་རྩོལ་ཤུགས་ཆེ་ཆུང་གི་དབང་ལས་ དབྱངས་གསལ་ལ་ཕོ་མོའི་དབྱེ་འབྱེད།    གསལ་བྱེད་དང་སྔོན་རྗེས་ཀྱི་འཇུག་པ་བཅས་ལ་ཡང་ཕོ་མོ་མ་ནིང་ གི་དབྱེ་བ།         ཡི་གེ་ལ་རྟགས་མཚུངས་འདྲེན་པ་སོགས་ཀྱི་རྣམ་བཞག་བཅས་ནི་ལེགས་བོད་སྐད་ཡིག་ གཉིས་ཀྱི་བར་རང་བཞིན་གྱི་གནས་པའི་འགྲོ་ལུགས་ཐུན་མོང་བ་ཞིག་ཏུ་འདུག་ལ་སློབ་དཔོན་ཉིད་ཀྱིས་ཀྱང་བོད་ཀྱི་ཡི་གེའི་ལམ་ལུགས་འདི་རྒྱ་གར་གྱི་ཡི་གེ་དཔེར་བླངས་ཏེ་བྱས་པས་ཀྱང་ཡིན་པས་ཚུལ་འདི་དག་ནི་ རྟགས་ཀྱི་འཇུག་པའི་གཞུང་དང་སྨྲ་སྒོའི་གཞུང་གཉིས་ཀྱི་དབར་ཡོད་པའི་ལུགས་ཐུན་མོང་བའོ། །
                                 ཡང་སྨྲ་སྒོས་འབྲུ་མང་པོའི་ཚིག་སྡུད་ཀྱི་རྣམ་བཞག་བཤད་པའི་སྐབས། བྱེད་པ་དྲུག་གིས་སྦྱར་བ་ནི། །ཀུན་ལ་རབ་ཏུ་ལྡན་པ་སྟེ། །ཞེས་སྦྱར་རྒྱུའི་བྱེད་པ་དྲུག་བཤད་པའི་སྐབས་ཀུན་ མཁྱེན་རོང་ཟོམ་ཆེན་པོའི་གཞུང་དུ། གང་ལ་ཆོས་སྤྱོད་པ་ཡོད་པ་ཡིན། ཆོས་ལ་སྤྱོད་པ་ཅན་ཞེས་བྱའོ། ཞེས་དང་། གསུམ་པ་ནི་ཆོས་ཀྱི་འཕེལ་བ་ཅན་དང་། བཞི་བ་ནི་ཆོས་ཀྱི་ཕྱིར་བསྒྲུབ་པ་ཅན་དང་། ལྔ་བ་ནི་ ཆོས་ལས་འབྱུང་བ་ཅན་དང་། དྲུག་པ་ནི་ཆོས་ཀྱི་གཏམ་ཅན་དང་། བདུན་པ་ནི་ཆོས་ལ་གནས་པ་ཅན་ཏེ། འདི་ལྟ་བུ་ལ་སོགས་པ་བྱེད་པ་དྲུག་དང་། ཞེས་གསུངས་པའི་དང་པོ་དང་། གསུམ་པ། བཞི་བ། ལྔ་བ། དྲུག་ པ་རྣམས་ནི་གོ་རིམ་བཞིན། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་། བཞི་བ་དགོས་ཆེད། ལྔ་བ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ།  བདུན་པ་གནས་གཞི་རྣམས་དང་དོན་གཅིག་ཏུ་འདུག་ལ་དེ་བཞིན་དུ་ཚིག་སྡུད་འཆད་པའི་ སྐབས་སུ། ལས་ལ་སོགས་པའི་དབྱེ་བ་ཡིས། །གཉིས་པ་ལ་སོགས་བདུན་པའི་མཐའ། །བྱེད་པ་དྲུག་ཏུ་འདོད་ པ་སྟེ། །ཚིག་སྡུད་ཙམ་དུ་ཤེས་པར་བྱ། །ཞེས་ཚིག་སྡུད་འཆད་པའི་སྐབས་རྣམ་དབྱེ་གཉིས་པ་ནས་བདུན་ པའི་བར་གྱི་ཚིག་རྣམས་བསྡུ་ཚུལ་བསྟན་པའི་རྣམ་དབྱེ་ནི་སུམ་ཅུ་པའི་གཞུང་གི་དགོངས་པ་དང་ཡོངས་སུ་མཐུན་ནས་འདུག་གོ །ཚིག་གི་སྦྱོར་བ་བརྒྱད་པའི་སྐབས། མཚན་ཉིད་དབང་གིས་ཕྱེ་བ་ཡིས། །མ་ཡིན་དགག་ པ་བཅུ་བཞི་དང་། །ཞེས་པའི་འགྲེལ་བར།    དགག་པ་དེ་དག་དང་ལྡན་པའི་ཚིག་ལ་དགག་པའི་སྒྲ་སྡུད་པ་ནི་ མེད་པ་དང་མ་ཡིན་ཞེས་བྱ་བ་ལྟ་བུ་ལ་ཕྱི་ནས་མ་ལྟ་བུ་སྦྱར་བ་ནི་དགག་པའི་བསྡུ་བ་ཞེས་བྱའོ། །ཞེས་པ་ནི་ སུམ་ཅུ་པའི་རྩ་བར། མ་མི་མིན་མེད་དགག་པ་སྟེ། །ཞེས་པའི་རང་ལུགས་དང་ཡོངས་སུ་མཐུན་པ་ཡིན། ཚིག་སྦྱོར་བཅུ་བ་ཟླས་དབྱེ་བ་འཆད་པའི་སྐབས། བསྡུ་བའི་ཕྱིར་དང་དབྱེ་བའི་ཕྱིར། །ཉེ་བར་ཐ་དད་སྦྱོར་བའི་ ཕྱིར། །ཞེས་པའི་འགྲེལ་བར། དེ་ལ་བསྡུ་བའི་སྦྱོར་བ་ནི་ས་དང་ཆུ་དང་མེ་དང་རླུང་ནི་འབྱུང་བ་ཞེས་པ་ལྟ་ བུའོ། །དབྱེ་བའི་སྦྱོར་བ་ནི་ཆོས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ལྟ་བུའོ། །སྡུད་པ་དག་ལ་ ཡང་འདས་མ་ཐག་པ་སྡུད་པ་ནི། དང་ངམ་ཡང་གི་སྒྲ་དག་འདས་མ་ཐག་པའི་སྒྲ་སྡུད་པའོ། །ཞེས་སོགས་ནི་ འབྱེད་སྡུད་བསྟན་པའི་སྐབས་ཀྱི་སུམ་ཅུ་པའི་གཞུང་དང་མཐུན་ནས་འདུག་གོ །དེ་དག་ནི་སྨྲ་སྒོའི་གཞུང་ལས་ ཚིག་སྡུུད་བཤད་པའི་སྐབས་ཀྱི་སུམ་ཅུ་པའི་གཞུང་དང་འབྲེལ་ཡོད་ཁག་གང་ཤེས་ཤིག་བཀོད་པ་ཡིན།
ད་ནི་སུམ་ཅུ་པའི་གཞུང་དང་སྨྲ་སྒོའི་དབར་འབྲེལ་ཐག་ཉེ་ཤོས་སམ་དངོས་བསྟན་གྱི་དགོངས་པ་མཐུན་ཤོས་ཚིག་ཕྲད་ཀྱི་སྐབས་རྣམས་བསམ་པར་བྱ་བ་ཡིན་ལ།   མུ་ཏིག་ཕྲེང་མཛེས་དུ།   གཞན་ཡང་སྨྲ་སྒོ་རྩ་འགྲེལ་ དུ་འདིར་མ་བཤད་པའི་ཕྲད་སོགས་མང་དུ་བཤད་ཅིང་ཕལ་ཆེར་ལེགས་བཤད་དུའང་ཡོད་ལ་སྐྱོན་དུ་མངོན་་་པའང་དུ་མ་མཐོང་།      ཞེས་གསལ་བ་ལྟར་སྨྲ་སྒོས་སུམ་ཅུ་པའི་སྐབས་ནས་མ་བཤད་པའི་ཚིག་ཕྲད་དུ་མ་ བསྟན་ཅིང་ཕལ་ཆེ་བ་ནི་སུ་ཏིའི་དགོངས་པ་དང་ཡང་གཅིག་ཏུ་ཡོད་ལ།   མུ་ཏིག་ཕྲེང་མཛེས་ཀྱི་སུམ་ཅུ་པའི་ ཚིག་ཕྲད་འཆད་པའི་སྐབས་དུ་མར་སྨྲ་སྒོའི་གཞུང་དྲངས་ནས་འཐད་ཕྱོགས་སུ་འཛིན་པ་ཡང་མང་དུ་སྣང་། །
                                            གང་ཞིག་རང་གི་དོན་མེད་ཅིང་། །དོན་གྱི་མིང་ལ་གསལ་བྱེད་ པ། །ཚིག་གི་ཕྲད་ཅེས་བྱ་བ་སྟེ། །དེ་ལྡན་ཕྲད་དང་བཅས་པ་ཡིན། །ཞེས་པས་ཕྲད་ཀྱི་ངོ་བོ་དང་བྱེད་ལས་ སྟོན་གྱིན་ཡོད་ལ་ཚུལ་འདི་ནི་སུམ་ཅུ་པའི་དགོངས་འགྲེལ་མཁན་པོ་གང་གི་ལུགས་ལའང་མི་མཐུན་པ་མེད་སྙམ།      སུ་ཏི་པཎ་ཆེན་གྱི་སྔོན་དུ་བྱོན་པའི་སུམ་རྟགས་སྨྲ་བ་དུ་མས་སྨྲ་སྒོའི་ཚིག་ཕྲད་བསྟན་པ་རྣམས་ཚད་ མར་བཟུང་བའི་སྒོ་ནས་སུམ་ཅུ་པའི་དགོངས་འགྲེལ་བརྩམས་པའང་མང་པོ་བྱུང་ཡོད།
               གང་ནི་འདྲི་བའི་ཚིག་གི་དོན། །སྤྱི་ལ་ཁྱབ་པར་སྦྱོར་བ་སྟེ། །ཟླ་སྡུད་པ་ལ་ཀུན་ཏུ་སྤང་། །ཞེས་ པ་ནི་སུམ་ཅུ་པའི་རྩ་བར། གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་ལ་ཁྱབ་པ་ཉིད་ དུ་འགྱུར། །ཞེས་པ་དང་བསྟན་དོན་དགོངས་པ་གཅིག་ཅིང་། ཅི་ལ་སོགས་པའང་དེ་བཞིན་ཏེ། །ཁྱབ་པ་་་་ སྐབས་ཀྱིས་བརྩི་བར་བྱ། །ཞེས་པ་ནི་ལེགས་བཤད་ལྗོན་དབང་དུ། ཅི་ཇི་སུ་གང་སྤྱི་སྒྲ་སྟེ། ཞེས་པ་དང་ མཐུན་ནོ། །དེ་སྒྲའི་འཇུག་པ་ཡང་ལུགས་གཅིག་ཏུ་ཡོད་པ་སྟེ། མུ་ཏིག་ཕྲེང་མཛེས་ལས། སྨྲ་སྒོ་ལས། དེ་ཞེས་བྱ་བའི་ཚིག་གི་དོན། །ཐ་སྙད་དངོས་དང་དུས་འཇུག་གསུམ། །འདས་དང་རྣམ་གྲངས་གཞན་ཅན་དང་། །ལྷག་མ་དག་དང་བཅས་པའོ། །བདེན་པ་དག་དང་གསང་བ་དང་། ། བདག་གི་བ་དང་ཕ་རོལ་པོ། །དངོས་པོ་དག་ལ་འཇུག་པ་བཞི། །འདས་པ་དང་ནི་མ་འོངས་པའི། ། དུས་གཉིས་ལ་ནི་འཇུག་པ་ཡིན། །ཞེས་སྨྲ་སྒོའི་གཞུང་ཚིག་འདི་དྲངས་ནས་འཆད་པས་སོ། །མི་འཇུག་པ་ ཡང་། དངོས་པོའི་སྐབས་སུ་བདག་ཉིད་དང་དུས་ཀྱི་སྐབས་སུ་ད་ལྟ་བ་སྟེ་སྨྲ་སྒོ་ལྟར་བཤད་དོ། །
                       ན་སྒྲ་ཡང་མུ་ཏིག་ཕྲེང་མཛེས་དུ། སྨྲ་སྒོ་ལས། ན་ཞེས་བྱ་བའི་ཚིག་གི་དོན།  ། དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང་། ། རྒྱུ་མཚན་དོན་གྱིས་བསྟན་པ་དང་། །ལས་དང་ཆེད་དང་རྟེན་ གནས་དང་། །ཕྱི་ཚིག་དེ་གཞན་སོགས་སྟོན་དང་། །འོས་པར་དཀའ་བ་ཆག་འཛིན་ལས། །ཕྱི་ཚིག་ངེས་པར་ བྱེད་པ་དང་། །དེ་ལས་བཟློག་པ་ཉིད་དང་ནི། །འགལ་བའང་མི་འགལ་སྟོན་པ་དང་། །སྨོན་དང་འདྲི་དང་ཐེ་ ཚོམ་གཞི། །ཚེ་སྐབས་རྣམས་ལ་འདི་མཐོང་ངོ་། །ཞེས་དང་།   ལ་ནི་གཉིས་པ་བཞི་པ་དང་། །བདུན་པ་སྡུད་ དང་སྦྱོར་བ་དང་། །སྨོན་དང་ཚད་འཛིན་གཞི་དང་ནི། །ཚེ་སྐབས་དག་ཏུ་འདོད་པ་ཡིན། །ཞེས་འབྱུང་བའི་དོན་ འགྲེལ་བས་བཀྲལ་བ་ལས་འཐད་པའི་ཆར་འདུག་སྙམ་པ་རྣམས་བཀོད་པ་ཡིན། ཞེས་འབྱུང་བས་ན་ལ་འཆད་ པའི་སྐབས་ཀྱི་རང་ལུགས་འཛིན་མཚམས་ཀྱང་མང་ཤོས་གཅིག་པ་ཡིན། སུ་ཏིས་སྨྲ་སྒོ་བཀག་པའི་སྐབས། ན་སྒྲ་འགལ་བའམ་མི་འགལ་བར་སྟོན་པ་ལ་འཇུག་པ་བཤད་དང་།    འདྲི་བའི་གཞིར་འཇུག་པ་བསྟན་པས་ དང་པོ་ནི་ཕྱི་ཚིག་དེ་གཞན་སོགས་སྟོན་དང་ཞེས་པ་དང་ཟློས་པར་འགྱུར་བའི་སྐྱོན་དང་། གཉིས་པ་ནི་་་་་་་་་་ དམིགས་ཀྱིས་འབྱེད་པའམ་ཐེ་ཚོམ་གྱི་གཞི་གང་རུང་ལས་བརྩམས་ཏེ་འདྲི་དགོས་པས་དེ་དག་ལས་ལོགས་སུ་དབྱེ་བའི་དགོས་པ་མེད་ཚུལ་དང་།   དེ་བཞིན་དུ་ལ་སྒྲ་སྡུད་པ་དང་སྦྱོར་བ་དང་སྨོན་པ་རྣམས་ལ་འཇུག་པ་ བཤད་པ་ལྷག་བཅས་དང་མི་གཉིས་པས་སོ་སོར་ཕྱེས་པས་དགོས་པ་མེད་ཚུལ་གསུངས་བ་བཅས་མདོར་ན་ཕྲད་དེ་དག་ལོགས་སུ་བཤད་དགོས་དོན་མེད་ཅེས་པ་མ་གཏོགས་དེ་དག་གི་འཇུག་ཚུལ་མཐའ་གཅིག་ཏུ་མི་་འཐད་ཚུལ་མ་གསུངས་སོ། །ཡང་མུ་ཏིག་ཕྲེང་མཛེས་སུ།   སྨྲ་སྒོར། ན་ལ་དག་གི་འཇུག་པ་འཆད་པའི་ སྐབས་སུ་འདིར་འཇུག་པ་མ་བཤད་པ་དང་།  དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ལ་ལྷག་པ་ཡིན། ། ཞེས་འབྱུང་བ་ནི་ལེགས་པར་བཤད་པའོ། །ཞེས་གསུངས།
                          ལྷག་བཅས་ཀྱི་སྐབས་སུ་ཡང་། མུ་ཏིག་ཕྲེང་མཛེས་ལས། སྨྲ་སྒོ་ལས། སྟེ་ནི་ལྷག་མ་ཡོད་པ་སྟེ། །མཚམས་སྦྱོར་བ་དང་དམ་བཅའ་དང་། །གཞན་འདྲེན་པ་དང་གསུམ་དུ་འདོད། ། བྱེད་དང་བྱ་བའང་ཡང་ན་ནི། །བྱ་བ་ཉིད་དུ་སྦྱོར་བ་གང་། །ཚིག་གཉིས་རིམ་མམ་དུས་གཅིག་ཏུ། །སྦྱོར་བར་ བྱེད་པ་མཚམས་སྦྱོར་ཡིན། །གང་ཞིག་གིས་ནི་སྔ་མ་ལ། །གསལ་བར་བྱེད་པ་དམ་བཅའ་བ། །ལྷག་མ་ཡོད་ ཙམ་སྟོན་འགྱུར་ཞིང་། །དེ་ལས་གཞན་གྱུར་གཞན་འདྲེན་པའོ། །ཞེས་འབྱུང་བ་ནི་ཚིག་དོན་ལྷག་མ་འདྲེན་ ཚུལ་གྱི་དོན་གྱི་དབྱེ་བ་བཤད་པ་ཡིན་ཞིང་།   ཕལ་ཆེར་ལེགས་བཤད་དུའང་འདུག ཅེས་ལྷག་བཅས་ཀྱི་སྒྲ་ འཆད་པའི་སྐབས།   མཚམས་སྦྱོར་ལྷག་བཅས་དང་།   དམ་བཅའ་ལྷག་བཅས།  གཞན་འདྲེན་ལྷག་བཅས་ ཅེས་པའི་རྣམ་བཞག་རྣམས་སྨྲ་སྒོ་དང་སྒོ་བསྟུན་ནས་མཛད་པར་སྣང་ངོ་། །དེ་བཞིན་དུ་ནི་སྒྲ་དགར་བ་དང་ བརྣན་པའི་དོན་ལ་འཇུག་ཚུལ་སུམ་འགྲེལ་ལས་བཤད་པ་ལྟར་སྨྲ་སྒོར། ནི་ནི་དགར་དང་བསྣན་པའི་ཚིག ། དམིགས་སམ་ངེས་པར་འཛིན་པ་སྟེ། །ཕྱི་མའི་ཚིག་དང་སྦྱར་བར་བྱ། །ཞེས་དང་། ཀྱང་དང་ཡང་ནི་སྡུད་པའི་ ཚིག །མི་མཐུན་མཐུན་པར་སྟོན་པའང་ཡིན། །འདས་པའམ་མ་འོངས་གཞན་དག་ལས། །ཅི་རིགས་དག་ཏུ་ བསྡུ་བར་བྱ། །ཡང་ཞེས་བྱ་བ་བསྣན་པ་ཡིན། །ཞེས་པ་ཡང་སུམ་ཅུ་པའི་རྩ་བར། ཨཱ་ལི་ཕྱིས་ནས་གཉིས་པ་ སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ཞེས་པའི་སྐབས་ཀྱི་སུམ་ཅུ་པའི་འགྲེལ་བ་རྣམས་སུ་རྒྱན་ སྡུད་མཐུན་པའི་ཚིག་རྒྱན་དང་མི་མཐུན་པའི་ཚིག་རྒྱན་གཉིས་དང་། སྡུད་པའི་དོན་ལ་འཇུག་པ་གསུངས་པ་ རྣམས་དང་དགོངས་པ་གཅིག་ཏུ་འབབ་ཡོད།   ཅིང་ལ་སོགས་པ་བསྡུ་བ་དང་། །མཚམས་སྦྱོར་དག་ཏུ་བྱེད་ པ་ཡིན། །ཞེས་པ་ཚིག་ཕྲད་ཞིང་སོགས་འཆད་པའི་སྐབས་མཐུན་ལ།   སྨྲ་སྒོར།   ལ་ནི་གཉིས་པ་བཞི་བ་ དང་། །བདུན་པ་སྡུད་དང་སྦྱོར་བ་དང་། །སྨོན་དང་ཚད་འཛིན་གཞི་དང་ནི། །ཚེ་སྐབས་དག་ཏུ་འདོད་པ་ཡིན། །ཞེས་པ་ནི་སུམ་ཅུ་པའི་རྩ་བར། བཞི་བ་དགུ་བ་དངོས་ཀྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང་། ། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །ཞེས་པ་དང་དགོངས་པ་གཅིག

སྨྲ་སྒོར། ཀྱི་ནི་འབྲེལ་བའི་ཚིག་ཡིན་ཏེ། །ཞེས་པ་ཡང་སུམ་ཅུ་པའི་རྩ་བར། རྗེས་འཇུག་ཡི་གེ་བཅུ་པོ་ནི། ཨི་དང་མཐུན་ལུགས་འདི་ཞེས་བྱ། །ཞེས་པ་ནས། དེ་དག་ཨི་སྦྱར་འབྲེལ་བའི་ས། །ཞེས་པ་དང་གཅིག་ལ། ཀྱིས་ནི་བྱེད་པར་འདོད་པ་ཡིན། །ཞེས་པ་ཡང་རྩ་བར། དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པའི་སར་ནི་ཤེས་ པར་བྱ། །ཞེས་པ་དང་དགོངས་པ་གཅིག་ཡིན།
    སྨྲ་སྒོར། ལས་ནི་རྒྱུ་དང་འབྱུང་ཁུངས་དང་། །དགར་བ་ཡིན་ཏེ་ནས་དེ་བཞིན། །ཞེས་པ་དང་རྩ་བར། རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་བ་དགུ་བ་ལ་བཅུ་བ། །སྦྱར་བ་འབྱུང་ཁུངས་གནས་ཡིན་ཏེ། །དགར་དང་ སྡུད་པའང་དེ་བཞིན་ནོ། །ཞེས་དང་། མུ་ཏིག་ཕྲེང་མཛེས་ལས། ལས་ནི་རྒྱུ་དང་འབྱུང་ཁུངས་དང་། །དགར་བ་ ཡིན་ཏེ་ནས་དེ་བཞིན། །ཞེས་ལས་ནས་ཀྱི་སྒྲ་དག་རྒྱུ་ལ་འཇུག་པར་བཤད་ཅིང་།   འགྲེལ་བར།   རྒྱུའི་དོན་ ནི་ས་བོན་ལས་མྱུ་གུ་ཞེས་པ་ལྟ་བུའོ།  །ཞེས་གསུངས་སོ། །སྨྲ་སྒོར། སྡུད་པ་དག་དང་མཚམས་སྦྱོར་ནི། ། ནས་ལ་ཅུང་ཟད་ལྷག་པ་ཡིན། །ཞེས་པར་པྲ་ཏི་རིན་པོ་ཆེས། འདིར་སྨྲ་སྒོ་ལས། སྡུད་པ་དག་དང་མཚམས་ སྦྱོར་ནི། །ནས་ལ་ཅུང་ཟད་ལྷག་པ་ཡིན། །ཞེས་ནས་ཀྱི་སྒྲའི་འཇུག་པ་ཕལ་ཆེར་ནས་དང་མཐུན་ཀྱང་། སྡུད་ པ་དང་མཚམས་སྦྱོར་གཉིས་ལ།   ལས་མི་འཇུག་ཅིང་ནས་འཇུག་པས་ནས་ཀྱི་འཇུག་པ་ལྷག་པར་བཤད་ དོ། །ཞེས་གསུངས་པས་དགོངས་པ་དེ་དག་གཅིག་ཏུ་སྣང་། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ ལྷག་པ་ཡིན། །དེ་བཞིན་ལྷག་བཅས་ལ་ལའོ། །ཞེས་པ་ཡང་སུ་ཏི་པཎ་ཆེན་མཆོག་དང་དགོངས་པ་མཐུན་ཏེ། མུ་ཏིག་ཕྲེང་མཛེས་ལས། ལ་ན་གཉིས་དེ་ཉིད་ཀྱི་དོན་དུ་མི་འཇུག་ཅིང་གཞན་ལ་འཇུག་པ་དང་།   སུ་ར་རུ་ དུ་ཏུ་ལྔ་བོ་དེ་རྣམས་ལས་སོགས་དོན་ལྔ་ལ་འཇུག་པ་ཡིན་པས་ཞེས་གསུངས།   འོན་ཀྱང་པྲ་ཏི་རིན་པོ་ཆེས། གཞན་ཡང་སྨྲ་སྒོར། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། །དེ་བཞིན་ལྷག་བཅས་ལ་ ལའོ། །ཞེས་ལ་ཡིག་དེ་ཉིད་ལ་མི་འཇུག་ཅིང་། དུ་ལ་སོགས་པ་ལྷག་བཅས་ལ་མི་འཇུག་པར་གསུངས་པ་ནི་ མི་འཐད་པར་མཐོང་སྟེ།   ཞེས་ལ་སྒྲ་དེ་ཉིད་ལ་མི་འཇུག་པའི་ཚུལ་དེ་བཀག་ནས་ལ་སྒྲ་དེ་ཉིད་ལ་འཇུག་ཚུལ་ དཔེ་དང་བཅས་ཏེ་བཀོད་ཡོད།
སྨྲ་སྒོར།   འོ་ལ་སོགས་པ་ཟླ་སྡུད་པའོ། །ཞེས་དང་མུ་ཏིག་ཕྲེང་མཛེས་སུ།   ཁོ་བོ་ནི་གཞུང་འདིར་བསྟན་ གྱི་སླར་བསྡུ་སྨྲ་སྒོ་ནས་བཤད་པའི་ཟླ་སྡུད་དེང་སང་རྫོགས་ཚིག་ཏུ་གྲགས་པ་རྣམས་དོན་གཅིག་ཅིང་།  ཞེས་ གསུངས།   སྨྲ་སྒོར།   པའམ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་དང་།  པྲ་ཏི་རིན་ པོ་ཆེས།   དེ་ལྟར་པ་བ་པོ་ཅན་གྱི་སྒྲ་ནི་བདག་པོའམ་ལྡན་པའི་དོན་དུ་སྦྱོར་ཞིང་།   དེའི་སར་ནི་ཤེས་པར་ བྱའོ། །དེ་ལྟར་ཡང་སྨྲ་སྒོ་ལས།   པ་བ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་སོ། །ཞེས་གསུངས་འོན་ཀྱང་།   མུ་ཏིག་ཕྲེང་མཛེས་ལས་ནི།   ཡང་འགའ་ཞིག་གིས།   པ་བ་ཅན་རྣམས་འཇུག་ པ་མཚུངས་པའི་སྒྲུབ་བྱེད་དུ།   པ་བ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་སྨྲ་སྒོའི་ ལུང་འདྲེན་མོད།   དེའི་དཔེ་དག་པ་རྣམས་སུ།   པའམ་ཅན་ནི་བདག་པོའམ། །ཞེས་འབྱུང་ཞིང་འགྲེལ་པར་ ཡང་གསེར་པ་དང་གསེར་ཅན་ཞེས་དཔེར་བརྗོད་པ་ལས་བ་ཡིག་གི་དཔེར་བརྗོད་མ་བྱུང་བ་མ་ཟད་གཞུང་གི་དེ་མ་ཐག་ཏུ། བ་ནི་སྤྱི་རུ་བཞག་པ་སྟེ། །ཡུལ་དུས་ངེས་པར་མ་བཟུང་བའོ། །ཟ་བ་བཟའ་དང་ཟ་པོ་བཞིན། ། མ་ནིང་དག་ཏུ་གཞག་པར་བྱ། །ཞེས་ཟ་བ་ལྟ་བུའི་བ་ཡིག་དེ་བྱ་བྱེད་བདག་གཞན་དུས་གསུམ་གང་ལའང་བྱེ་ བྲག་ཏུ་མི་འཇུག་པར་བཤད་པས།   ཁྱེད་རང་གིས་དཔེ་མ་དག་པ་ཞིག་མཐོང་བའང་བཀླགས་ཉེས་པའམ་ རང་འདོད་ཀྱིས་བཅོས་པར་བས་ཀྱི།   ལུང་དེ་ནི་ཁྱེད་ཀྱི་འདོད་པ་དེའི་གནོད་བྱེད་ཡང་དག་ཏུ་ཡོད་དོ།   ། ཅེས་གསུངས་ཏེ་མདོར་ན་སུམ་རྟགས་ཀྱི་དགོངས་འགྲེལ་མཁན་པོ་དག་གིས་དེ་ལྟར་སྨྲ་སྒོའི་ལུང་ཁྱེར་ཏེ་དགོངས་པ་འདྲ་མིན་གྱི་སྒོ་ནས་བཀྲལ་བའོ། མདོར་ན་སྨྲ་སྒོའི་ཚིག་ཕྲད་ཀྱི་སྐབས་སུ་བཤད་པའི་ཕྲད་དག་ནི་མང་ ཤོས་སུམ་ཅུ་པའི་དགོངས་པ་དང་མཐུན་ནས་ཡོད་ལ་དེ་དག་ནས་མ་བཤད་པའི་ཕྲད།   ཉིད་ཚིག་དང་། སོགས་ཚིག   ཁོ་ནའི་ཚིག་སོགས་མང་དུ་སྣང་ངོ་། །མདོར་ན་སྨྲ་སྒོས་ཚིག་ཕྲད་འཆད་པའི་སྐབས་ཀྱི་གཞུང་ ལུགས་ནི་སུམ་ཅུ་པའི་གཞུང་གི་དགོངས་པ་དང་མཐུན་ནས་ཡོད་ཅིང་།     ཡི་གེ་བཤད་པའི་སྐབས་སུ་ཡང་ རྟགས་འཇུག་གཞུང་གི་དགོངས་པ་དང་མཐུན་པའང་གོང་དུ་བཤད་པ་ལྟར་གྲངས་མི་ཉུང་བ་ཡོད། མདོར་ན་ སུམ་རྟགས་ཀྱི་གཞུང་དང་སྨྲ་སྒོའི་གཞུང་ལུགས་དབར་འབྲེལ་ཆེན་པོ་ཞིག་ཡོད་པ་ཡིན་སྙམ་མོ། ། བཀྲ་ཤིས་བདེ་ལེགས།། །།

No comments:

Post a Comment