རིགས་པས་དཔྱད་ན་འཇིག་རྟེན་མི་འགལ་ཞིང་།
།རྣམ་དཔྱོད་ཟབ་མོས་སྒྱུ་མའི་འཇིག་རྟེན་གཟིགས། །
མ་དག་འཁོར་བར་འཕྱན་པའི་འཇིག་རྟེན་ལའང་།
།ཀུན་ནས་བརྩེ་བའི་སྟོན་པ་དེ་ལ་འདུད། །
འདིར་ནང་ཆོས་ཀྱིས་འཇིག་རྟེན་འཚོ་གནས་ལ་ཕན་པར་སྨྲ་མཁན་ཚོའི་དམིིགས་ཡུལ་དང་།
རྒྱབ་ལྗོངས། སྒྲུབ་བྱེད་གང་ཡིན་གྱི་སྐོར་ཅུང་ཟད་ཅིག་འཆད་པ་ལ།
སྤྱིར་ནང་ཆོས་ནི་ལམ་དང་ལུགས་སྲོལ་ཙམ་དང་འཇིག་རྟེན་འཚོ་གནས་ཙམ་གྱི་ཆེད་མིན་པར་གཙོ་བོར་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱིི་བདེ་སྡུག་ལ་བསམ་གཞིག་བྱས་ཏེ་མི་འདོད་པ་སྡུག་བསྔལ་དང་འདོད་པ་བདེ་སྐྱིད་བསྐྲུན་བྱེད་ཀྱི་རྒྱུ་གཉིས་པོ་ལ་སྤོང་བླང་བྱེད་ཚུལ་གྱི་རྣམ་བཞག་སྟོན་པའི་རིགས་གཞུང་རྒྱ་ཆེན་ཞིག་ཡིན་ལ།
ཐབས་ཚུལ་དེ་དག་ཀྱང་གཞལ་བྱའི་གནས་གསུམ་ལ་མངོན་རྗེས་ཀྱིས་ཚད་མ་གཉིས་ཀྱིས་རིགས་པ་ཡང་དག་པའི་ལམ་ནས་གཏན་ལ་ཕབ་པའི་གཞུང་ལུགས་བླ་ན་མེད་པ་ཞིག་རེད།སྐབས་དོན་ནང་ཆོས་ཀྱིས་འཇིག་རྟེན་འཚོ་གནས་ལ་ཕན་པར་སྨྲ་མཁན་ཚོའི་དམིགས་ཡུལ་ནི།
ང་རང་ཚོའི་སྤྱི་ཚོགས་འདི་ཞི་བདེ་དང་ལྷིང་འཇགས་ལྡན་པའི་སྤྱི་ཚོགས་ཤིག་དང་ཡ་རབས་བདེན་དྲང་གི་རང་བཞིན་ཅན་གྱི་སྤྱི་ཚོགས་ཤིག་ཏུ་བསྐྲུན་ཆེད་ཡིན།
ནང་ཆོས་ལ་བརྟེན་ནས་དེ་ལྟར་བསྐྲུན་ནུས་པའི་རྒྱབ་ལྗོངས་སམ་སྒྲུབ་བྱེད་གང་ཡིན་ཞེ་ན།
འདི་ལ་ནང་ཆོས་ཀྱིས་འཇིག་རྟེན་འཚོ་གནས་ལ་ཕན་ཚུན་དངོས་དང་ཞར་བྱུང་གཞན་གྱི་དོགས་པ་འགའ་ཚུར་བླངས་ནས་དེ་དག་སེལ་བ་བྱེད་པ་སྟེ་དོན་ཚན་གཉིས་ཀྱི་སྒོ་ནས་ཅུང་ཟད་ཅིག་འགོད་རྒྱུ་ཡིན།
༸གོང་ས་མཆོག་གིས་དུས་ནས་དུས་སུ་གཅིག་མིན་གཉིས་ཀྱིས་གསུངས་པ་བཞིན་ནང་ཆོས་ཀྱི་བསླབ་བྱའི་སྙིང་བོ་ཚུར་བསྡུ་ན་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་སྟེ་ལྟ་སྤྱོད་གཉིས་སུ་འདུས་ཀྱི་ཡོད་ཅིང་།
ལྟ་སྤྱོད་དེ་གཉིས་ཀྱིས་འཇིག་རྟེན་འཚོ་གནས་ལ་ཇི་ལྟར་ཕན་ཚུན་གོ་ན་ནང་ཆོས་ཀྱིས་འཇིག་རྟེན་འཚོ་གནས་ལ་ཇི་ལྟར་ཕན་ཚུན་ཤེས་པར་འགྱུར་བས་འདིར་རང་བློས་གང་དཔོག་གིས་ཚུལ་དེ་ཅུང་ཟད་ཅིག་འདིར་འཆད་པ་བྱེད་པ་ཡིན།
དེ་ཡང་མངོན་སུམ་ནི་ཚད་མ་ཀུན་གྱི་མཐར་ཐུག་པ་ཡིན་པས་འདིར་དེ་དག་གི་རྒྱབ་ལྗོངས་སམ་སྒྲུབ་བྱེད་གཞུང་ནས་བཤད་པའི་གཏན་ཚིགས་དང་།སྒྲུབ་ངག་སོགས་ལ་མ་བརྟེན་པར་རང་ཅག་འཇིག་རྟེན་པ་དག་གི་ཉིན་རེའི་འཚོ་བའི་ནང་དུ་མྱོང་བཞིན་པའི་མཐོང་བ་མངོན་གྱུར་དང་སྦྱར་ཏེ་ཅུང་ཟད་ཅིག་བཤད་ན།
དེ་ལ་ཐོག་མར་ལྟ་བ་རྟེན་འབྱུང་གིས་འཇིག་རྟེན་འཚོ་གནས་ལ་ཇི་ལྟར་ཕན་སྙམ་པ་ལ།
སྤྱིར་ལྟ་བ་ཞེས་པ་ནི་ནང་སེམས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་གམ་བསམ་བློའི་འཁྱེར་སོ་ཞིག་ཡིན་པས་བསམ་བློ་ཇི་ལྟར་གཏོང་སྟངས་ཀྱི་སྒོ་ནས་ཕན་གྱི་ཡོད།
དེ་ཡང་ཆོས་ཐམས་ཅད་རང་རང་གི་རྐྱེན་དག་ལ་ལྟོས་ཤིང་དངོས་པོ་ཐམས་ཅད་མཐུན་པའི་རྒྱུ་ལས་འབྱུང་ཞིང་མི་མཐུན་པ་དང་རྒྱུ་མེད་པ་ལས་མི་འབྱུང་བས་རང་གིས་ཡག་པོ་བྱས་ན་དེའི་འབྲས་བུ་རང་ལ་བདེ་བ་ཡོང་བ་དང་མ་རབས་བྱས་ན་དེའི་འབྲས་བུ་རང་ལ་མི་བདེ་བ་འབྱུང་བ་ནི་དངོས་པོ་རྣམས་ཀྱི་མ་བཅོས་ལྷན་སྐྱེས་ཀྱི་གཤིས་ལུགས་ཤིག་ཡིན་པས།
སྟོན་པ་བཀའ་དྲིན་ཅན་གྱིས་དེའི་སྒོ་ནས་རང་ཅག་ལ་རྗེས་སུ་སྟོན་པ་མཛད་པ་འདི་ནི་ལེགས་ཉེས་ཤེས་པའི་ཕ་མ་བཟང་པོས་རང་གི་བུ་ཕྲུག་ལ་འདི་ལྟར་བྱེད་མི་ཉན།
བྱེད་ན་རང་ལ་མི་བདེ་བ་འདི་འབྱུང་ཞེས་ཁ་ཏ་བསླབ་བྱ་གནང་བ་ལྟ་བུ་ཞིག་རེད།
དེ་ཡང་སྟོན་པས། ཕན་པའི་འབྲས་བུ་བདེ་བ་དང་། །གནོད་པའི་འབྲས་བུ་སྡུག་བསྔལ་ཡིན།
།རང་གི་ལུས་ལ་དཔེར་ལོངས་ལ། །གཞན་ལ་འཚེ་བ་མ་བྱེད་ཅིག
།ཅེས་གསུངས་པ་འདི་ནི་སྡོམ་ཆེན་པོ་ཞིག་སྣང་སྟེ། གཞན་ལ་ཕན་པ་དང་རོགས་བྱེད་ན་དེའི་འབྲས་བུ་རང་ལ་མི་གཞན་གྱིས་ཡིད་ཆེས་དང་འདེངས་འཇོག་བྱེད་ཅིང།
གཞན་ལ་འཚེ་བ་བྱེད་ན་དེའི་ངན་འབྲས་གཞན་གྱིས་སྡང་ཞིང་མཐའ་མ་ངན་ཤི་བྱེད་དགོས་པ་ཡིན།དཔེར་ན།
༸གོང་ས་མཆོག་གིས་ལྷག་བསམ་གཡོ་མེད་ཀྱིས་གཞན་ལ་ཕན་པ་བྱས་པས་འཛམ་གླིང་ཞི་བདེའི་དེད་དཔོན་ཞེས་ཀུན་གྱིས་བཀུར་བར་འོས་པའི་འཛམ་གླིང་གི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་བ་དང་།
བྷི་ལ་ཌན་གྱིས་གཞན་ལ་གནོད་པ་བྱས་པས་མཐའ་མ་རང་ཁྱིམ་དུ་གྲིར་ཤི་བྱེད་དགོས་བྱུང་བ་འདི་དག་ནི་བསམ་བློའི་རྒྱབ་ལྗོངས་མང་པོ་ལ་ལྟོས་མ་དགོས་པར་རང་ཅག་གི་མིག་འདུན་དུ་མངོན་བཞིན་པའི་རྟེན་འབྱུང་དངོས་པོའི་གཤིས་ལུགས་ཤིག་རེད།
ནང་ཆོས་ཀྱི་ལྟ་བ་རྟེན་འབྱུང་ལ་གོ་བ་རྣལ་མ་ཞིག་ཡོད་ན་དེས་ཁོར་ཡུག་ལ་དོ་སྣང་དང་སྤྱི་ཚོགས་ལ་སེམས་ཁུལ་ཡོང་བར་ཕན་ཐོགས་ཀྱི་ཡོད་ལ་དེ་བཞིན་ཁྲོ་སེམས་དང་གནོད་སེམས་སོགས་ཀྱང་རང་བཞིན་གྱིས་ཉུང་རུ་འགྲོ་གི་ཡོད།
དེ་ལྟར་ཡང་༸གོང་ས་རྒྱལ་བའི་དབང་པོ་མཆོག་གི་ཞལ་སྔ་ནས།
ང་རང་ཚོའི་མི་ཚེ་འདི་ཁོར་ཡུག་ལ་བརྟེན་ནས་ཡོད་རེད།
ང་རང་ཚོའི་འཕྲོད་བསྟེན་ཡང་ཁོར་ཡུག་ལ་བརྟེན་ནས་ཡོད་རེད་ཅེས་བལྟོས་པའི་རྟེན་འབྱུང་གི་བསམ་བློ་འཁོར་ན་ཁོར་ཡུག་གལ་ཆེན་པོ་ཡིན་པ་གསལ་བོར་ཤེས་ཐུབ།
དེ་བཞིན་རང་གཅིག་པུའི་ཁེ་ཕན་དེ་སྤྱི་ཚོགས་ལ་རག་ལས་པ་ཡིན་པར་མཐོང་ཡོང་ན། རང་གི་ཁེ་ཕན་གྱི་ཆེད་དུ་སྤྱི་ཚོགས་ལ་བསམ་བློ་གཏོང་དགོས་པ་ཞིག་སླེབས་ཡོང་གི་འདུག
ཅེས་དང་།
དེ་ནི་ང་རང་ཚོའི་ཉིན་རེ་ཉིན་རེའི་འཚོ་བའི་ནང་དུ་རྟེན་འབྱུང་གི་ལྟ་བ་དེ་ཆབ་སྲིད་དང་།
དཔལ་འབྱོར། འཕྲོད་བསྟེན། ཁོར་ཡུག་སོགས་དང་།
ང་ཚོ་བོད་དོན་སྐོར་ལ་རྟེན་འབྱུང་གི་ལྟ་བའི་ཐོག་ནས་བསམ་བློ་གཏོང་ཐུབ་ན་ཁྱད་པར་ཆེན་པོ་ཡོད་ལ།
ཕན་ཐོགས་ཀྱང་ཆེན་པོ་ཡོད། ང་རང་ཚོ་བོད་པའི་དཀའ་ངལ་ལ་ཆ་བཞག་ན་ཡང་།
དེང་སང་དཀའ་ངལ་ཡོད་པ་དེ་དག་རྒྱུ་དང་རྐྱེན་སྔ་མ་སྔ་མ་མང་པོའི་ཐོག་ནས་བྱུང་བ་ཤེས་ཡོང་དུས།
དཔེར་ན། ང་རང་ཚོའི་ད་ལྟའི་སྡུག་བསྔལ་མཐོང་བ་དང་། དེ་བཞིན་ལུས་ལ་ན་ཚ་བྱུང་བ་ཡིན་ན།
ང་ལ་མ་འོས་མ་འཚམས་པའི་སྡུག་བསྔལ་ཧ་ཅང་ཆེན་པོ་ཞིག་བྱུང་སྙམ་པའི་བསམ་བློ་འཁོར་བ་ཡིན་ན།
ཁོང་ཁྲོ་ལངས་ཀྱི་རེད། ཁག་མེད། རྒྱུ་དང་རྐྱེན་ཚང་བ་ལས་བྱུང་བ་རེད།
རྒྱུ་དང་རྐྱེན་དེ་ཡང་རང་གིས་བསགས་པ་རེད།
རྒྱུ་དང་རྐྱེེན་དེ་ལ་བརྟེན་ནས་འབྲས་བུ་ད་ལྟ་སྨིན་པ་རེད་བསམ་པ་དྲན་ན།
གཞན་ལ་ལེ་ལན་བདས་ཏེ་ཁོས་བྱས་མ་སོང་ཞེས་ལབ་པ་དེ་ཉུང་དུ་འགྲོ་ཡི་འདུག
ད་ལྟ་ད་ལྟའི་གནས་ཚུལ་དེ་ཡང་གཡས་གཡོན་རྒྱ་ཆེན་པོ་ཞིག་དང་།
རྐྱེན་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་མཐོང་ཡོང་དུས་རླུང་ལངས་རྒྱུ་ཏོག་ཙམ་ཉུང་དུ་འགྲོ་གི་རེད་ཅེས་སོགས་གསུངས་པ་ལྟར་ལགས།
ནང་ཆོས་ཀྱི་སྤྱོད་པའི་སྒོ་ནས་འཇིག་རྟེན་འཚོ་གནས་ལ་ཇི་ལྟར་ཕན་སྙམ་ན།
ནང་ཆོས་ཀྱི་སྤྱོད་པ་ནི་འཚེ་བ་མེད་པ་ཞེས་པ་དེ་ཡིན་ལ།
དེ་ནི་ཐེག་པ་ཆེ་ཆུང་དང་སྐྱེས་བུ་ཆུང་འབྲིང་གང་གི་དབང་དུ་བྱས་ཀྱང་ངེས་པར་ཉམས་སུ་ལེན་དགོས་པའི་ནང་པ་སངས་རྒྱས་པ་དག་གི་ཀུན་ཁྱབ་ཀྱི་བཅས་པ་ཞིག་སྟེ།
ནང་པ་སངས་རྒྱས་པའི་འཇོག་བྱེད་མཆོག་གསུམ་ལ་སྐྱབས་སུ་སོང་བའི་ཆོས་དཀོན་མཆོག་གི་དགག་བསྒྲུབ་ཀྱི་བསླབ་བྱ་གཞན་ལ་འཚེ་བ་སྤོང་ཞིང་བརྩེ་བ་བྱེད་པ་ཞེས་པ་དེ་ཡིན།
འཇིག་རྟེན་མིའི་ཆོས་དང་སྒོ་བསྟུན་ནས་བཤད་ཀྱང་གཞན་ལ་འཚེ་བ་བྱེད་པ་ནི་ཁྲིམས་འགལ་དང།
གཞན་ལ་བརྩེ་བ་བྱེད་པ་ནི་ལུགས་མཐུན་ཡིན་ལ་འདི་ཡང་མཐར་གཏུག་ན་རང་དོན་རང་གཅེས་ལ་ཐུག་ཡོད་པས་ལྟ་བ་རྟེན་འབྱུང་གི་ངང་ཚུལ་དང་འབྲེལ་ནས་ཡོད།སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།
།བཟོད་པས་མདངས་ལྡན་བརྩོན་པས་བརྗིད།
།ཅེས་སོགས་གསུང་པ་ལྟར་གཞན་ལ་བསམ་པ་ཐག་པ་ནས་ཕན་འདོགས་དང་བཟོད་སྒོམ་བྱེད་ན་དེའི་མཐོང་ཐོས་མངོན་གྱུར་གྱི་འབྲས་བུ་གཞན་གྱིས་རང་ལ་དགའ་བོ་བྱེད་ཅིང་།
རང་གི་ཚིག་ལ་གཞན་གྱིས་ཉན་འཇོག་བྱེད་པ་བཅས་ནི་རང་ཅག་གིས་མཐོང་བའི་གཞལ་བྱ་མངོན་གྱུར་བ་འདི་དག་ཡིན་པས་ཡ་རབས་སྤྱོད་བཟང་དེ་དག་གིས་འཇིག་རྟེན་འཚོ་གནས་ཀྱི་ཁྲོད་དུ་མེད་དུ་མི་རུང་བའི་ཆ་ཤས་ཆེན་པོ་ཞིག་བཟུང་ཡོད་ལ།
བཟང་སྤྱོད་དེ་དག་ནི་ནང་པ་སངས་རྒྱས་པ་དག་གིས་མཚོན་པའི་ཆོས་ལུགས་ཕལ་ཆེ་བའི་བསླབ་བྱའི་སྙིང་དོན་དང་།
དེ་དག་དང་འགལ་བ་ནི་མི་དགེ་བའམ་འཇིག་རྟེན་གྲགས་ཚུལ་གྱི་བརྡ་གཞན་གྱིས་བཤད་ན་མ་རབས་ཀྱི་སྤྱོད་པ་ཞེས་པ་དེ་ཡིན།
ནང་ཆོས་ནས་བཤད་པའི་བསླབ་བྱ་འདི་དག་ནི་ནང་བ་ཡིན་མིན་གྱི་ས་སྒང་འདིའི་ནང་དུ་འཚོ་གནས་བྱེད་པའི་མི་བུ་ཡོད་དོ་ཅོག་གིས་ཉམས་སུ་ལེན་དགོས་ཤིང་ལེན་རིན་ཡོད་པའི་འཇིག་རྟེན་མི་ཆོས་ཀྱི་ཡ་རབས་སྤྱོད་བཟང་ཞེས་པ་དེ་ཡིན་སྟབས་འདི་དག་འཇིག་རྟེན་འཚོ་གནས་ལ་མི་འཁོ་ཟེར་བ་ནི་རང་ཉིད་ཀྱི་གཤིས་སྤྱོད་ལོག་ལམ་ཞིག་ཏུ་འཕྱན་སོང་བ་ཅིའི་ཕྱིར་མིན།གོང་དུ་བཤད་པ་ལྟར་ལྟ་སྤྱོད་དེ་གཉིས་ཀྱིས་འཇིག་རྟེན་འཚོ་གནས་ལ་ཕན་ཚུལ་གྲུབ་ན་ནང་ཆོས་ཡོད་ཚད་ཚུར་བསྡུ་ན་ལྟ་སྤྱོད་དེ་གཉིས་སུ་མ་འདུས་པ་མེད་པས་ནང་ཆོས་ཀྱིས་འཇིག་རྟེན་འཚོ་གནས་ལ་ཕན་པ་གྲུབ་ཟིན་པ་ཡིན།
ཡང་ལྡོག་ཕྱོགས་ནས་བཤད་ན་ཆོས་ལུགས་ཀྱིས་སྐྱེ་འགྲོའི་འཚོ་གནས་ལ་གནོད་ན།
ཆོས་དུག་ཏུ་སྨྲ་མཁན་གྱི་མའོ་ཙེ་ཏུང་དང་སི་ཏ་ལིན་སྟེ་འཇིག་རྟེན་ན་མི་གསོད་ཀྱི་ལག་དམར་པར་གྲགས་པ་དེ་དག་གིས་ཕན་དགོས་ཤིང་།
༸གོང་ས་མཆོག་དང་ཡེ་ཤེའི་བླ་ཆེན་ཏེ་ཆོས་ལུགས་ཀྱི་དབུ་འཁྲིད་ཆེན་པོ་དག་གིས་གནོད་དགོས།
འོན་ཀྱང་ངང་ཚུལ་དེ་ལས་ལྡོག་སྟེ་སྔ་མ་དག་གིས་སྐྱེ་འགྲོ་ས་ཡ་མང་པོའི་གཅེས་སྲོག་ཕྲོགས་པས་ཀུན་གྱིས་སྡང་མིག་འཕེན་ས་དང་མི་ཤི་ཡང་ངན་གྲགས་མ་ཤི་བ་ཞིག་ཏུ་གྱུར་ཞིང་།
ཆོས་ལུགས་ཀྱི་དབུ་ཁྲིད་དག་ནི་ཀུན་གྱི་བསྔགས་བརྗོད་བྱེད་ཡུལ་དང་གཟེངས་རྟགས་འབུལ་ས་ཞིག་ཏུ་གྱུར་ཡོད།
ངང་ཚུལ་འདི་ཁོ་ནས་སྟེང་ནས་ཀྱང་གསལ་གསལ་ཐང་ཐང་གི་འགྲེལ་བཤད་དང་རྒྱབ་ལྗོངས་ཡང་དག་པ་ཞིག་བྱས་འདུག
ཞར་བྱུང་གཞན་གྱི་དོགས་པ་འགའ་ཚུར་བླངས་ནས་དེ་དག་སེལ་བ་བྱེད་པ་ནི།
ཆོས་བྱེད་ན་མི་རིགས་ཀྱི་གྲངས་འབོལ་ལ་གནོད་དེ།
རང་ཅག་སྔ་ནས་ད་བར་གྲངས་ཉུང་མི་རིགས་ཤིག་གི་ངོ་བོར་བསྡད་ཡོད་པ་འདི་ནང་ཆོས་ཀྱིས་ལན་ནོ་ཞེ་ན།
འདི་ནི་ཕྱོགས་གཅིག་ཁོ་ན་ལས་རྣམ་དཔྱོད་ཀྱི་འཇུག་པ་རྒྱ་ཆེ་ས་ཞིག་ལ་མ་སོང་བའི་གཏམ་དུ་སྣང་སྟེ།
རང་ཅག་གིས་འདས་ཟིན་པའི་ལོ་རབས་ཀྱི་ཕྲེང་བ་ལ་ཕྱིར་མིག་ཅིག་བྱས་ན།
རང་ཅག་གི་མི་རིགས་འཕེལ་འགྱུར་མ་བྱུང་པ་ནི་ནང་ཆོས་ཀྱིས་མིན་པར་ཆོས་གཞུང་གི་བསླབ་བྱ་ལས་གོལ་བའི་ཉོན་མོངས་པ་དང་མི་དགེ་བ་ཞེས་གྲགས་པའི་མནར་སེམས་གནོད་སེམས་ཕྲག་དོག་འགྲན་སེམས་འདི་དག་གིས་བྱས་པ་ཡིན་པ་གསལ་བོར་མཐོང་ཐུབ།
འདས་ཟིན་པའི་ལོ་ཟླའི་འཁོར་བསྐྱོད་ཁྲོད་རང་ཅག་གི་མེས་པོ་མགོ་སྟོང་ཁག་གིས་གོ་ས་རྩོད་ལེན་དང་ཁྱོད་ཕྱོགས་ངའི་ཕྱོགས་རྒྱལ་ཕམ་གཏིང་གཅོད་བཅས་ཀྱིས་རང་ཅག་གི་མི་འབོལ་འདི་མང་ས་ནས་ཉུང་ས་དང་འཕེལ་འགྱུར་ལས་ཕམ་ཁའི་ཁྲོད་དུ་ཁྲིད་ཕྱིན་པ་རེད།
དཔེར་ན་༸གོང་ས་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་སྐབས་གཅིག་པུར་མཚོན་ཡང་གཙང་ཕྱོགས་མངའ་རིས་དང་བཅས་པས་དབུས་ཀོང་དྭགས་པོའི་དམག་ལ་དཔུང་འཇུག་གིས་རྒྱལ་ཕམ་གཏིང་ཐག་ཆོད་པ་བྱས་ཏེ་མི་གཅེས་བརྒྱ་ཕྲག་མང་པོ་མཚོན་ཁར་བསྐྱེལ་བ་དང་།
ཁྱོད་ཤི་ང་གསོན་གྱི་རྒྱལ་ཕམ་གཏིང་ཐག་ཆོད་པའི་རྗེས་སུ་ཡང་།
བ་མ་རིའི་འདབས་སུ་ངར་ལུམ་སྦྱར་གསུམ་ཕྱོགས་གཏོགས་དང་བཅས་པ་མི་གཅེས་བཅུ་དགུ་དུས་ཚོད་གཅིག་ལ་གཤིན་རྗེའི་དུར་སར་བརྫངས་ཤིང་།
ཉེས་མེད་མི་སེར་མང་པོ་རྒྱ་ཡུལ་དུ་ཕྱིར་མི་ལྡོག་པར་རྒྱང་ཕུད་བྱས་པ་ལྟ་བུ་རེད།
དེ་བཞིན་བོད་སིལ་བུའི་རྗེས་ཀྱི་ས་ཕག་གི་ནང་དམེ་དང་རིན་གཙང་གི་འཁྲུག་རྩོད་བཅས་ཀྱི་ཁྲོད་བགྲང་དུ་མེད་པའི་རང་རིགས་མི་གཅེས་མང་པོའི་གཅེས་སྲོག་མཚོན་ཁར་ཐལ་བ་ནི་ནང་ཆོས་ཀྱི་བསླབ་བྱ་ལ་ཉམས་ལེན་དང་བསམ་ཤེས་མ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་ལས་ནང་ཆོས་ཀྱིས་རྐྱེན་བྱས་པ་ཞིག་གཏན་ནས་མིན་ལ་ཆོས་ལུགས་ལ་ཁ་གཡར་བ་ཙམ་ཡང་མིན་པར་ཆབ་སྲིད་ཀྱི་རྙོག་གླེང་ཁོ་ན་ཡིན།
ཡང་ས་འབྲིའི་ནང་འཁྲུག་དང་བཀའ་དགེའི་ཤི་འཐབ་སོགས་ནི་ཆོས་རྒྱུད་ལ་ཁ་གཡར་བ་ཙམ་ཡིན་ཡང་།
དོན་དངོས་སྟེང་ནས་དཔྱད་ན། ཆོས་གཞུང་གི་བསླབ་བྱ་དང་འགྲོ་བ་མིའི་བཟང་སྤྱོད་དང་རྒྱབ་འགལ་དུ་ཕྱིན་ཏེ་རང་ལྟ་མཁྲེགས་འཛིན་དང་།
ཕྱོགས་རིས་སྡང་ཟུག གོ་ས་རྩོད་ལེན་ཁོ་ནས་བྱས་པ་ཞིག་ཏུ་སྣང་བས་དེ་དག་ནང་ཆོས་ཀྱིས་རྐྱེན་བྱས་པ་ཡིན་པར་སྒྲུབ་ཏུ་མེད།
སྐབས་དེ་དག་ཏུ་ནང་ཆོས་མེད་ཀྱང་ལུང་ཚན་དང་ཡུལ་ཕྱོགས་རུས་བཅད་ཀྱིས་ནང་འཁྲུག་དེ་དག་ལོང་ཆོག་ཆོག་ཡིན་པས་དེ་དག་ནང་ཆོས་ལ་དགའ་དྲག་པས་སམ་ཉམས་ལེན་བྱེད་རྒྱུ་མང་དྲག་སོང་བས་མ་ཡིན་ཞིང་།
དོན་རྐྱེན་དེ་དག་ལ་ནང་ཆོས་ཀྱིས་དངོས་ཤུགས་བརྒྱུད་གསུམ་གང་གི་སྒོ་ནས་ཀྱང་རྐྱེན་ཕྲ་མོ་ཙམ་ཡང་བྱས་པ་མེད།
དེ་བཞིན་བོད་སིལ་བུར་འཐོར་བའི་རྒྱུ་རྐྱེན་དང་བཙན་པོའི་གདུང་རྒྱུད་ཆད་པའི་རྩ་བ་སོགས་ཀྱང་ཐམས་ཅད་ཉོན་མོངས་པ་དང་མི་དགེ་བས་བྱས་པ་ཁོ་ན་ཡིན།
འདི་དག་ནི་ལོ་རྒྱུས་དེབ་ཐེར་ཁག་ཏུ་འཁོད་པའི་དབུས་ཕྱོགས་ཀྱི་ནང་འཁོན་དག་ཡིན་ལ་ད་དུང་ཡིག་ཐོག་ཏུ་མ་འཁོད་པའི་ཁམས་དང་ཨ་མདོའི་ས་ཁུལ་དག་ཏུ་ཡང་ནང་འཁོན་དང་གསོད་གཏུབ་བགྲངས་ཀྱི་མི་ལོངས་པ་རེ་བྱས་ཡོད་པ་དཔོག་ནུས་པས་རང་ཅག་གི་མི་འབོལ་འདི་ནང་ཆོས་ཀྱིས་བཅོམ་སོང་བ་མིན་པར་ནང་འཁོན་གྱི་ཁྲོད་དུ་ཚར་སོང་བ་རེད།
ནང་ཆོས་བྱེད་མཁན་རྣལ་མ་ཞིག་ཡིན་ན་ཆོས་བྱེད་ཚུལ་ཤེས་དགོས་ཤིང་ཆོས་ལས་ཀྱང་མ་རིག་པ་སྤོང་བྱར་གསུང་ཡོད།
དམངས་ལ་སློབ་སྦྱོང་དང་ཤེས་ཡོན་དམན་པའི་མུན་ནག་གི་དུས་རབས་དེར་ཆོས་ཁ་ལ་ཁྱེར་ནས་ནང་འཛིང་དང་ཤ་འཁོན་ཁོ་ནས་དུས་བདས་ཏེ་བསྡད་པས་རང་གི་མི་རྒྱུད་མང་པོ་ཞིག་ཀྱང་རྒྱལ་ཁབ་གཞན་ཞིག་གི་ངོ་བོར་ཐིམ་སོང་བ་འདི་དག་ཐམས་ཅད་ནང་ཆོས་ལ་ངན་ཁག་དཀྲི་ས་གཏན་ནས་མེད།
དེ་དག་ནང་ཆོས་ཀྱིས་ཤུགས་རྐྱེན་བྱས་པ་ཡིན་ན་ནང་པའི་ཆོས་གཞུང་དུ་དེ་འདྲ་བྱེད་དགོས་ཚུལ་གྱི་བསླབ་བྱ་ཡོད་དགོས་ཀྱང་ཆོས་རྒྱུད་གང་དུ་ཡང་ནང་འཁོན་དང་།
འགྲན་སེམས། ཕྱོགས་ཞེན་སོགས་བྱེད་དགོས་ཚུལ་གྱི་གསུང་ཟུར་ཙམ་ཡང་མེད་པར་མ་ཟད་དེ་དག་ཉོན་མོངས་པ་དང་སྤོང་བྱར་གསུང་ཡོད།
ནང་པ་རྣལ་མ་ཞིག་ཡིན་ན་ནང་ཆོས་བྱེད་སྟངས་ཤེས་དགོས་ཤིང་།
ནང་པའི་འཇུག་སྒོ་ནི་སྐྱབས་འགྲོ་ཡིན་པས་ནང་ཆོས་བྱེད་སྟངས་མི་ཤེས་མཁན་དག་ལ་ནང་བའི་དྲི་ཙམ་ཡང་མེད་དོགས་པའི་གནས་རེད། དེ་དག་གི་སྒྲུབ་བྱེད་རེ་རེ་ནས་གསལ་བཤད་བྱེད་པར་མི་ལོངས་ཡང་དབྱིག་པ་ལེབ་བརྡུང་གི་དཔེ་ལྟར་རོབ་བཤད་ཙམ་བྱས་པའི་ཁུལ་ཡིན།
གལ་སྲིད་སྐབས་དེའི་བྱེད་གཙོ་དག་གིས་ཆོས་བྱེད་ཚུལ་ཤེས་ཤིང་ཆོས་རྒྱུད་ལ་རང་སྲོག་ལས་ཀྱང་གཅེས་འཛིན་བྱེད་མཁན་ཉག་ཅིག་ཡིན་ན།
གཞན་ཕན་བྱམས་སྙིང་རྗེ་དང་། དགེ་སྡུག་གི་འབྲས་བུའི་ལྕི་ཡང་།
དེ་བཞིན་མི་དགེ་བ་དང་ལས་ངན་པའི་འབྲས་བུ་ལ་བག་ཟོན་བཅས་ཀྱིས་བྱེད་ངན་དེ་དག་ལས་ལྡོག་རྒྱུ་ཡིན་པ་ནི་སྨྲོས་མ་དགོས་པའི་དོན་གསལ་ཞིག་རེད།
ནང་བའི་ཆོས་གཞུང་ནས་བཤད་པའི་གླིང་བཞི་རི་རྒྱལ་དང་ཕྱི་ཡི་ལྕགས་རི་སོགས་འགའ་ཞིག་མ་དམིགས་ཀྱང་།
ནང་ཆོས་ནི་གོང་དུ་བཤད་པ་ལྟར་ཕྱི་དངོས་པོའི་གོ་རྒྱ་གཅོད་པ་ཙམ་གྱི་ཆེད་མིན་པར་གཙོ་བོ་ནང་སེམས་ཀྱི་རྣམ་བཞག་དང་།
ཕྱིའི་བཟང་སྤྱོད་ཀྱི་ཚུལ་ལུགས་གཏན་ལ་འབེབ་བྱེད་ཅིག་ཡིན།
འདི་ལ་ཕྱོགས་སུ་མ་ལྷུང་བའི་ཚན་རིག་པ་དུ་མ་ཞིག་གིས་ཀྱང་ནང་ཆོས་ཀྱི་གཞུང་དུ་ནང་སེམས་ཀྱི་ཚན་རིག་ཆ་ཚང་ཞིག་འདུག་ཅེས་དྲན་ཚུལ་རང་ཐད་དུ་བརྗོད་པ་ལྟ་བུ་རེད།
དཔལ་ཆོས་ཀྱི་གྲགས་པས།
གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན།
།ཞེས་གསུང་པའི་གཙོ་བོའི་དོན་ནི་གླིང་བཞི་རི་རྒྱལ་གྱི་རྣམ་བཞག་ཙམ་མིན་པར་དེ་ནི་ཐར་བ་དོན་གཉེར་ལ་ཉེ་བར་འཁོ་བའི་བདེན་པ་བཞིའི་རྣམ་བཞག་ལ་ཟེར་གྱི་ཡོད།
གལ་སྲིད་སྔར་ནས་འདིར་ཡོང་བ་དང་། འདི་ནས་ཕྱི་མར་འགྲོ་བའི་སྐྱེ་བ་སྔ་ཕྱིའི་རྣམ་གཞག་མེད་པའི་བདེན་དཔུང་ཡང་དག་པ་ཞིག་མིག་སྔར་གསལ་སྟོན་བྱུང་ན།
སྐབས་དེར་ལས་འབྲས་འཇོག་པའི་གཞི་མེད་པར་གྱུར་བས་བདེན་བཞིའི་རྣམ་བཞག་རང་ཞིག་ཏུ་སོང་བ་ཡིན་ལ། གཙོ་བོའི་དོན་ཅུང་ཟད་ལྐོག་གྱུར་བདེན་བཞིའི་གནས་ལ་བསླུ་བར་གྲུབ་པས་ཤིན་ལྐོག་སྟོན་པའི་སངས་རྒྱས་ཀྱི་གསུང་ཡང་སྐབས་གཞན་ཞིག་ཏུ་གྱུར་བ་ཡིན་ལ།
དུས་དེར་ནང་ཆོས་ལས་རྩ་བའི་དམ་བཅའ་རྨ་མེད་པ་ཞིག་ཀྱང་ལོན་པ་ལོས་ཡིན། འོན་ཀྱང་ད་སྐབས་ནི་ངང་ཚུལ་དེ་ལས་ལྡོག་སྟེ་སྐྱེ་བ་སྔ་མ་དྲན་པའི་འཛམ་གླིང་གི་བྱིས་པ་མང་དུ་བྱུང་སྟེ།
མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་གཏན་ལ་ཕབ་པའི་དོན་ལ་བདེན་དཔུང་སྟོབས་ལྡན་དག་མཐོང་བ་མངོན་གྱུར་གྱིས་ལམ་ནས་གསལ་སྟོན་བྱས་དང་།
བྱེད་བཞིན་འདུག་པ་འདི་ལ་བློ་མིག་འཁྱོག་ལམ་དུ་འཕྱན་པ་མིན་ན་དོན་དེར་རྩོད་གླེང་བྱ་རིན་མེད་པའི་མཐོང་བ་མངོན་གྱུར་གྱི་ཡུལ་ཞིག་ཏུ་གྱུར་ཟིན་པ་འདི་འདྲ་རེད།
འཇིག་རྟེན་པའི་བྱ་བཞག་སྒྲུབ་པ་ལ་ནང་ཆོས་དང་ཟུང་འབྲེལ་གཏན་ནས་བྱེད་ཐབས་མེད་སྙམ་ན།
འདི་ཡང་འཇིག་རྟེན་པའི་བྱ་བཞག་ངོས་མ་ཟིན་པར་བྱ་བཞག་དེ་ཚེ་འདི་དང་། རང་དོན་ཁོ་ནའི་ཆེད་དུ་ཧམ་པ་དང་། མགོ་བདེ་དྲན་འཁྲུལ།
དེ་བཞིན་གཞན་ལ་མགོ་བསྐོར་གཏོང་ཡ་ཁོ་ན་ལ་ཞེན་པས་ནོངས་པས་བསམ་སྤྱོད་དེ་དག་ནི་ཡར་རྒྱས་ཀྱི་སྤྱི་ཚོགས་འདིར་མི་བྲིན་ཞིང་ལུགས་མཐུན་གྱི་ཁྲིམས་དང་འགལ་བ་ཁོ་ན་ཡིན།
སྟོན་པ་བཀའ་དྲིན་ཅན་གྱིས་རྒྱལ་པོ་གསལ་རྒྱལ་གྱི་དྲིས་ལན་དུ།
རྒྱལ་པོ་རྣམས་བྱ་བ་མང་པས་དུས་ཐམས་ཅད་དུ་དགེ་སྦྱོར་ལ་རྩེ་གཅིག་ཏུ་གནས་མི་ནུས་ཀྱིས་སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་འདི་བསྒོམ་ཞིང་བྱ་བ་གང་བྱེད་ཀྱང་སེམས་འདིས་ཀུན་ནས་བསླངས་ཏེ།
བྱས་ན། རྒྱལ་པོའི་བྱ་བའང་མི་ཉམས་ལ་ཅི་བྱས་ཐམས་ཅད་སངས་རྒྱས་ཐོབ་པའི་ཐབས་སུ་འགྱུར་བ་ཞིག་འོང་ཞེས་གསུངས་ཤིང་།
མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས།
དེ་ལྟར་རིགས་པས་དཔྱད་ན་ནི། །ཁྱོད་ཀྱི་རྒྱལ་སྲིད་གོད་མི་འགྱུར།
།རིགས་པ་མ་ཡིན་མི་འགྱུར་ཞིང་། །ཆོས་མིན་མ་ཡིན་ཆོས་སུ་འགྱུར།
།ཞེས་ཆོས་སྲིད་ཟུང་འབྲེལ་ཏེ་ཆོས་དང་མི་འགལ་བའི་སྲིད་སྐྱོང་ཚུལ་གསུང་ཡོད་པ་རེད།
དོན་བསྡུ་ན་འཇིག་རྟེན་པའི་ལུགས་མཐུན་གྱི་ཡ་རབས་སྤྱོད་བཟང་དག་ནི་ཆོས་དང་མཐུན་པ་ཤ་སྟག་ཡིན་ལ་ཆོས་ཀྱི་བསླབ་བྱ་ཡང་འཇིག་རྟེན་པའི་ཡང་དག་པའི་ཁྲིམས་ལུགས་དང་མཐུན་ནས་ཡོད་པ་ཡིན།
ཆབ་སྲིད་ནག་པོ་འཇིག་རྟེན་འཚོ་བར་འཛིན།
།ཡང་དག་མི་ཆོས་ཚུལ་ལ་བློ་མིག་ལྡོངས། ། ཆོས་ཚུལ་དུག་ཏུ་འཁྲུལ་བའི་བསམ་མེད་པ།
།རང་གཤིས་ལོག་པའི་ལམ་དུ་བག་ཟོན་མཛོད།།ཅེས་བྱའོ།
།
བཀྲ་ཤིས་བདེ་ལེགས། གུས་པིར་མིང་པ་འཇའ་ཐང་འབྲོག་བུའམ་ཆོས་མིང་ཐུབ་བསྟན་རིག་བཟང་ནས༢༠༡༤ཕྱི་ཟླ༦ཚེས༣༡ཉིན་བྲིས།
No comments:
Post a Comment