ཀོང་པོ་ནི་བོད་ཀྱི་ཡུལ་དབུས་ལྷ་སའི་ཤར་ལྷོའི་རྒྱུད་དུ་ཆགས་ཤིང་རང་བྱུང་ནགས་ཚལ་གྱི་སྐྱེས་ཚད་འཐུག་པ། རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཆེ་བ། དུས་བཞིར་ཚ་གྲང་སྙོམ་པ། རི་ལུང་མཛེས་སྡུག་ལྡན་ པའི་ཡུལ་གྲུ་ཞིག་སྟེ། བོད་ཀྱི་མང་ཁྲོད་གཏམ་དཔེ་དུ། ཀོང་པོ་ཀླུའི་ནང་དུ་སླེབས་དུས། །གནས་སྐོར་བས་ ཕ་ཡུལ་མི་དྲན། །ཞེས་ཟེར་སྲོལ་ཡོད་པ་ལྟར་ཡུལ་ལུང་མཛེས་སྡུག་དང་ལྡན་པ་ཞིག་ཡིན། བོད་ས་མ་ཤོར་བའི་གོང་དུ་ཤར་ནས་ཀོང་པོ་རྩེ་ཅན་མདོ།ལྷོ་ནས་ཀོང་པོ་ང་ལ།ནུབ་ནས་ཀོང་པོ་སྦ་ལ།བྱང་ནས་ཀོང་པོ་མེ་ཏོག་རྫོང་བཅས་ཡིན་ལ་དེ་རྗེས་རྒྱ་དམར་གྱིས།ཉིང་ཁྲི་ས་རྫོང་། ཀོང་པོ་རྒྱ་མདའ་རྫོང་། སྨན་གླིང་རྫོང་། མེ་ཏོག་རྫོང་། སྤོ་མེས་རྫོང་། རྫ་ཡུལ་རྫོང་། སྣང་རྫོང་སྟེ་ཡུལ་གྲུ་དེ་རྫོང་ཁག་དྲུག་ཏུ་བགོས་ཡོད་འདུག ཀོང་པོ་ཞེས་པའི་སྒྲ་དོན་ནི་ས་ཁུལ་དེ་ཀོང་ཀོང་སྟེ་ས་བབ་དམའ་ས་ཞིག་ཏུ་གནས་ཡོད་པས་ཡིན་ཞེས་ངག་རྒྱུན་དུ་གྲགས།
དེ་ལྟར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གདོད་མའི་ཡུལ་གྲུ་འདིར་བོན་ཆོས་ཀྱི་ལོ་རྒྱུས་ལྡན་པའི་ས་གནས་གྲགས་ཆེན་ཡོད་ལ།ཡུལ་མིའི་གོམས་གཤིས་ཀྱི་ཁྲོད་དུའང་བོད་ཀྱི་ཆོས་ལུགས་རྙིང་བ་བོན་པོའི་ཤན་ཞུགས་ཆེན་པོ་ཡོད་པ་སྟེ།དུང་དཀར་ཚིག་མཛོད་དུ།ཀོང་པོའི་ཡུལ་འདིར་སྔོན་དུས་བོན་ཆོས་དར་ཁྱབ་ཆེ་བར་བྱུང་བའི་རྟགས་སུ་བོན་སྟོན་པ།གཤེན་རབས་ཀྱི་གནས་ཆེན་དུ་གྲགས་པའི་བོན་རི་དང་སྟག༌རྩེ་རི་ཁྲོད་ཟེར་བ་སོགས་ཡོད་པ་མ་ཟད།བོན་རྙིང་པའི་ལུགས་སྲོལ་ལྟར་གྱི་དམར་མཆོད་དང་།གྲི་འདུལ།།གཤིན་འདུར་སོགས་ཀྱི་ལུགས་སྲོལ་ཀྱང་ཡོད།ཅེས་འཁོད་པ་ལྟར་ལགས།ཡུལ་དེར་གྲགས་ཆེ་བའི་གནས་ནི་ཀོང་པོ་བོན་རི་ལགས་ལ།སྟོན་པ་གཤེན་རབ་གནས་དེར་གཤེགས་ཏེ་ཕྱི་རབས་འགྲོ་བའི་དོན་དུ་ཐུགས་ལས་བོན་རི་འདི་སྤྲུལ་ཚུལ་བོན་གྱི་ལོ་རྒྱུས་རྣམས་སུ་བཤད།རི་དེ་ནི་ཀོང་པོའི་ཡུལ་དུ་ཡོད་པའི་སྤང་རི་ཆེན་པོ་ཞིག་ཡིན་ཞིང་དེའི་སྟེང་དུ་ས་སྐྱ་ཀུན་མཁྱེན་གླིང་ཞེས་པའི་དགོན་པ་ཞིག་ཡོད་པ་དེ་ནི་བོན་ཆོས་ཀྱི་དགོན་པ་རྙིང་ཤོས་དེ་ཡིན་ཞིང་ད་བར་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཟེར།
བོད་ས་མ་ཤོར་བའི་གོང་དུ་ཀོང་པོ་ཡུལ་མིས་བོད་གཞུང་ལ་ཁྲལ་འབུལ་དགོས་མིན་དེའི་སྐོར་ལ།སྤྱིར་བོད་བཙན་པོའི་སྐབས་ཀོང་པོ་དང་མོན་ཡུལ་བཅས་བོད་ཀྱི་མངའ་འོག་གང་ཞིག་ལ།རང་སྐྱོང་འདྲ་པོ་ཞིག་གི་གནས་བབ་སྟེང་ཡོད་པ་སྟེ།དེ་ལ་རང་སྐྱོང་ལབ་དགོས་པའི་རྒྱུ་མཚན་ནི།བོད་བཙན་པོས་ས་ཁུལ་དེ་དག་ནས་རྒྱལ་ཁབ་གཞན་ལ་དམག་དྲང་དགོས་བྱུང་ན་མ་གཏོགས་ནམ་རྒྱུན་རྒོད་ཀྱི་སྟོང་སྡེ་ཁག་དང༌གཡུང་གི་མི་སྡེ་རྣམས་ལྟར་དམག་ཁྲལ་ལས་གསུམ་སྤྱི་མཚུངས་རྒྱུག་དགོས་ཀྱི་མེད།དེར་བརྟེན་བོད་བཙན་པོའི་སྐབས་རུ་ཆེན་དང་རྒོད་གཡུང་གི་སྡེ་ཚན་ཕྱེ་བ་ན་མོན་དང་ཀོང་པོ་སོགས་མི་འབྱུང་ཞིང༌།སྐབས་དེར་བློན་ཆེན་གཙོ་བོ་ཁག་ལ་འབབ་གཞིས་སུ་ས་ཁུལ་ཆེན་པོ་བཅོ་བརྒྱད་ཆ་བགོས་བྱས་པའི་ནང་དུ་ཡང་མི་འབྱུང་བ་ཡིན།ཡུལ་འདི་བཙན་པོའི་རྒྱལ་རྒྱུད་ཀྱི་གནས་གཞི་ཞིག་ཏུ་སོང་གཤིས་བོད་གཞུང་ལ་བོད་འབངས་སྤྱི་མཚུངས་ལྟར་གྱི་ཁྲལ་ཕུལ་མི་དགོས་པའི་དམིགས་བསལ་ཡོད་འདུགདེ་ལྟར་ཡང་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་ཚིག་མཛོད་དུ།སྔོན་དུས་བོད་བཙན་པོའི་རྒྱལ་རབས་སྐབས་ཀོང་པོ་སྟོད་སྨད་ཀྱི་ས་ཁུལ་རྣམས་ཀོང་དཀར་པོ་མང་པོ་རྗེ་ལ་རང་བདག་གི་དབང་ཆ་གནང་བ་དང་།ཀོང་དཀར་པོ་མང་པོ་རྗེ་ནི་རྒྱལ་པོ་གྲི་གུམ་བཙན་པོའི་སྲས་གཉིས་ཀྱི་གཅུང་པོ་ཉ་ཁྲིའི་མི་རྒྱུད་ཡིན་པར་བརྟེན་ཀོང་པོའི་རྗེ་དཔོན་ནི་དཀར་པོ་མང་པོ་རྗེའི་མི་རྒྱུད་ནས་བསྐོས་རྒྱུ་དང་།མི་རྒྱུད་ངོ་མ་ཆད་ན་ཁོང་གི་གཉེན་ཚན་རྒྱུད་པ་ཡིན་པ་ཞིག་ལ་བསྐོ་རྒྱུ་སོགས་ཀྱི་བཀའ་གཙིགས་མདོར་བསྡུས་ཤིག་ཀོང་པོ་དེ་མོ་ཁུལ་གྱི་བྲག་བརྐོས་ཡི་གེ་བོད་ཀྱི་ལོ་རྒྱུས་ཐོག་གི་བཀའ་གཙིགས་དང་རྡོ་རིང་ཡི་གེ་གཅེས་བསྡུས་ལྕགས་དཔར་མའི་ནང་གསལ།ཞེས་འཁོད་འདུག་ལ།བྲག་བརྐོས་ཡི་གེ་དེ་ནང་དོན་གཙོ་བོ་དྲུག་གི་སྒོ་ནས་བྲིས་ཡོད་འདུག་ལ།དེ་དག་གི་ནང་ནས་དོན་ཚན་བཞི་བ་ཀོང་དཀར་པོ་མང་པོ་རྗེའི་རྒྱལ་ཕྲན་གྱི་གོ་གནས་ཙམ་དུ་བསྡད་པ་དེར་ཡབ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་དཔྱ་ཁྲལ་དང་།ལོ་རེའི་རྟེན་འབུལ་སོགས་གང་ཡང་མི་དགོས་པར་ཀོང་པོའི་ཁུལ་དུ་རང་སྐྱོང་རྒྱལ་ཕྲན་གྱི་ཚུལ་དུ་གནས་ཆོག་པའི་བཀའ་གཙིགས་གནང་ཚུལ་དང་།དོན་ཚན་ལྔ་བ་ས་གནས་ཀྱི་དཔོན་རིགས་འགའ་ཞིག་གིས་དཀར་པོ་མང་པོ་རྗེའི་སར་ནས་ཁྲལ་གསར་པ་སྡུད་པའི་བསྙད་གཙེར་བྱས་པ་དེ་ཕྱིན་ཆད་ཡབ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་སུ་འཁོད་པ་བཞིན་ཁྲལ་རིགས་གང་ཡང་མི་དགོས་པར་གནས་ཆོག་པའི་སྙན་ཞུ་ཕུལ་བ་ལྟར་སྲས་ཁྲི་ལྡེ་སྲོང་བཙན་གྱིས་ཀྱང་བཀའ་གཙིགས་བསྐྱར་དུ་གནང་བའི་ཚུལ།དོན་ཚན་དྲུག་པ་བཙན་པོའི་དུས་སྐབས་ཀྱི་མངའ་འོག་ཏུ་གཏོགས་པའི་རྒྱལ་ཕྲན་རྣམས་དཔོན་འབངས་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཐོབ་ཐང་ཡོད་ཚུལ་བཅས་ཡིན་པ་ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེར་གསལ་ཡོད་པ་ལྟར་སྐབས་དེ་དུས་ཀོང་པོ་ཡུལ་མིས་དཀར་པོ་མང་པོ་རྗེ་ལ་ཁྲལ་དང་ཞབས་ཏོག་བསྒྲུབ་དགོས་པ་མ་གཏོགས་བོད་གཞུང་ལ་ཁྲལ་འབུལ་དགོས་ཀྱི་མེད་འདུག
འོན་ཀྱང་སྤྱི་ལོ༡༩༥༩ལོ་སྟེ་བོད་ས་མ་ཤོར་གོང་ནས་ཀོང་པོས་བོད་གཞུང་ལ་ཁྲལའབུལ་དགོས་ཀྱི་ཡོད།
ཁྲལ་ཕུལ་ས་ནི་བོད་གཞུང་དགའ་ལྡན་ཕོ་བྲང་ཡིན་འདུག་ལ།ཁག་གཅིག་གིས་ང་ཕོད་གཟིམས་ཤག་ལ་ཕུལ་དགོས་ཀྱི་ཡོད།འབུལ་རྒྱུའི་ཁྲལ་ལ་ཞོ་ཁོག་སོགས་ཀྱི་ཚལ་རིགས་དང་དེ་བཞིན་འབྲུ་རིགས་ཤ་མར་སོགས་ཅི་རིགས་ཡོད་འདུགསྲིད་དོན་རྒྱལ་རབས་ལས་ཀྱང་སྤྱི་ལོ༡༩༡༤ལོར་རྒྱ་གར་དང་བོད་ཀྱི་ས་མཚམས་ཐད་ཕྱོགས་ཕན་ཚུན་གྱི་སྐུ་ཚབ་རྣམས་ནས་གྲོས་ཆོད་འཇོག་པའི་སྐབས་དབྱིན་གཞུང་ཆིངས་དོན་སྐུ་ཚབ་ཀྱིས་ལྡི་ལི་ནས་ཕུལ་བའི་ཡིག་འཕྲིན།བོད་ཀྱི་སྲིད་དོན་རྒྱལ་རབས་ལས།ཡང་ཁྱེད་ཀྱིས་གསུངས་གསལ།མཚོ་ན་རྫོང་།ཀོང་པོ།ཁམས་ནས་ཡོང་བའི་མི་རིགས།མོན་པ།ཀློ་པའི་ལག་ནས་སྔོན་ཕན་ཚོང་ཟོག་གི་སྒོ་ཁྲལ་ལེན་རྒྱུ་རྣམས་བླངས་ཆོག་མིན་གསུངས་འདུག་པ།ཁྱེད་རང་གིས་གོང་དུ་ཞལ་བཞེས་གནང་བའི་དོན་ཚན་རྣམས་ཕྱག་ལེན་ལ་འཁེལ་ན།
སྦེལ་གྱི་གནས་ཚུལ་དེ་ཚོའི་སྐོར་གྲོགས་པོའི་ཚུལ་གྱིས་འགྲིགས་པ་ངེས་པར་ཞུ་གི་རེད། དབྱིན་གཞུང་ཆིངས་དོན་སྐུ་ཚབ་ཀྱིས་ལྡི་ལི་ནས་སྤྱི་ལོ༡༩༡༤ཟླ༣ཚེས༢༤ལ་ཕུལ།ཞེས་གསལ་བ་ལྟར་བོད་ས་མ་ཤོར་གོང་དུ་ཀོང་པོ་ཙམ་དུ་མ་ཟད་མོན་པས་ཀྱང་རང་གཞུང་ལ་བོད་འབངས་སྤྱི་མཚུངས་ལྟར་གྱི་ཁྲལ་ཕུལ་དགོས་ཀྱི་ཡོད།ཀོང་ཡུལ་འདི་བཞིན་བོད་བཙན་པོའི་སྐབས་སུ་ཁྲལ་འབུལ་སྟངས་ཀྱི་ཐད་ནས་དམིགས་བསལ་རེ་ཞིག་མ་གཏོགས་བོད་རྒྱལ་རིམ་བྱོན་གྱི་བཀའ་ལ་གཏོགས་པའི་ཡུལ་གྲུ་ཞིག་ཡིན་ཚུལ་འདི་ནི་སུ་ལ་ཡང་དོགས་པ་མེད་ཅིང་བསྒྲུབ་དགོས་མི་དགོས་པའི་ལོ་རྒྱུས་ཤིག་རེད།དཔེར་ན།སྲིད་དོན་རྒྱལ་རབས་སུ།སྤྱི་ལོ༡༩༠༨ལོར་སྒྲའོ་ཨར་ཕུང་གིས་སྡེ་དགེའི་སྲིད་དབང་བཙན་འཕྲོག་དང་ཀོང་པོ་རྒྱ་མདའ་ཚུན་ཟི་ཁྲོན་ཁོངས་སུ་ཞིང་ཆེན་བཟོས་ལུགས་དྲིལ་བསྒྲགས་དང་།སྒོ་ཡིག་སྦྱར།པེ་ཅིང་མན་ཇུའི་གཞུང་ལའང་དར་རྩེ་མདོ་ནས་རྒྱ་མདའ་བར་ཞིང་ཆེན་གསར་བ་ཞིག་བཟོ་དགོས་ཚུལ་བསམ་འཆར་ཙམ་བཏོན་ཀྱང་གྲུབ་འབྲས་སོན་མེད།
ཅེས་དང་། ཆུ་གླང༡༩༡༣ལོར་(༸གོང་ས་བཅུ་གསུམ་པ་ཆེན་པོའི་སྐབས)ཕག་རི་ནས་རྒྱལ་རྩེ་བརྒྱུད་ལྷ་ས་དང་།ཀོང་པོ་རྒྱ་མདའ་བར་གྱི་རྒྱ་ལུགས་ཡིག་སྐྱེལ་ཐང་རྟ་རྣམས་ཕྱིར་བསྡུ་གནང་སྟེ་ཡིག་སྐྱེལ་སྦྲག་ཟམ་འཛུགས་གནང་མཛད་པ་དང་ཆབས་ཅིག་སྦྲག་ཐེལ་ཊི་ཀ་སི་སེང་གེ་དང་།ཐོད་དུ་བོད་གཞུང་སྦྲག་གླ་ཞེས་དང་།གཤམ་དུ་དབྱིན་ཡིག་གི་བོད་ཅེས་འཁོད་པའི་སྦྲག་ཐེལ་འདོན་འགྲེམས་གནང་བ་རེད།ཅེས་དང་།སྤྱི་ལོ༡༩༠༦ལོར་རྒྱ་ཕྱོགས་ནས་བརྗོད་ཡག་ལ་རྒྱ་ནག་དང་བོད་ཀྱི་ས་མཚམས་དེ་ཀོང་པོ་རྒྱ་མདའ་ལ་ཆ་འཛིན་བྱེད་དགོས་བཅས་བརྗོད་ཡོད་པ་རེད།ཅེས་སོགས་སུ་གསལ་བ་ལྟར་སྐབས་དེར་ཀོང་པོའི་ཡུལ་འདི་ཅི་བྱེད་ཐམས་ཅད་བོད་གཞུང་དགའ་ལྡན་ཕོ་བྲང་པའི་ཕྱག་ན་ཡོད་པ་ཡིན།ཚུལ་འདི་ལ་ལོ་རྒྱུས་སྨྲ་བ་སུ་ལ་ཡང་དོགས་པ་ཕྲན་བུ་ཙམ་ཡང་མ་མཆིས་མོད་འོན་ཀྱང་ཁྲལ་ས་ཁྲལ་ཁུངས་ལས་འཕྲོས་ཏེ་གུས་པས་ཞར་བྱུང་དུ་བཀོད་པ་ཙམ་ལགས་སོ།
།
No comments:
Post a Comment